ཇོ་མོ་གླང་མའི་རྩེར་འཛེགས་མཁན་ལོ་ན་མཐོ་ཤོས།
ལོ་ན་༨༠ ཟིན་པའི་ཉི་ཧོང་གི་རྒན་པོ་ཞིག་བདེ་བླག་ངང་འཛམ་གླིང་ཐོག་གི་རི་བོ་ཆེས་མཐོ་ཤོས་ཡིན་པའི་ཇོ་མོ་གླང་མའི་ཡང་རྩེར་འཛེགས་ཐུབ་པ་བྱུང་སྟེ། འཛམ་གླིང་གི་ལོ་ན་ཆེས་མཐོ་ཤོས་ཀྱི་ཇོ་མོ་གླང་མའི་རྩེར་འཛེགས་པའི ཟིན་ཐོ་གསར་བརྟོལ་བྱས་ཡོད་པ་རེད།
ཟླ་འདིའི་ཕྱི་ཚེས་༢༣ ཉིན་ཉི་ཧོང་གི་རྒན་པོ་ཡཱི་ཆི་རོ་མའོ་ཡཱེ་ར་ཞེས་པ་ཞིག་འཛམ་གླིང་གི་ཡང་རྩེ་ཇོ་མོ་གླིང་མའི་རི་རྩེར་བདེ་བླག་ངང་འཛེགས་ཐུབ་པ་བྱུང་སྟེ། མིག་སྔར་འཛམ་གླིང་ཐོག་གི་ལོ་ན་མཐོ་ཤོས་ཀྱི་ཇོ་མོ་གླང་མའི་རྩེར་འཛེགས་པ་ཆགས་ཡོད་འདུག དེའི་སྔོན་གྱི་ལོ་ན་མཐོ་ཤོས་ཀྱི་རྩེར་འཛེགས་པ་དེ་རང་ལོ་༧༦ ཡིན་པའི་བལ་ཡུལ་གྱི་རྒན་པོ་ཧེ་མན་བྷ་ཧ་ངྷི་ཤིར་ཞེས་པ་ཡིན་ཞིང་། ཁོང་༢༠༠༨ ལོར་ཇོ་མོ་གླང་མའི་རི་རྩེར་ལམ་ལྷོང་ངང་འཛེགས་ཐུབ་པ་བྱུང་ཡོད་འདུག
ཉི་ཧོང་གི་རྒན་པོ་ཡི་ཆི་རོ་དེ་སྔོན་༢༠༠༠ ལོ་དང་༢༠༠༨ ལོར་རང་ལོ་༧༠ དང་༧༥ ཡིན་པའི་སྐབས་སོ་སོར་ཇོ་མོ་གླང་མའི་ཡང་རྩེར་འཛེགས་མྱོང་ཡོད་ཅིང་། ཁོང་གི་རི་འཛེགས་ཐེངས་དང་པོའི་སྐབས་སུ་ཡང་དེའི་སྐབས་ཀྱི་ལོ་ན་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་ཞིག་བརྟོལ་ཡོད་འདུག
ཐེངས་འདིའི་རི་འཛེགས་དེ་ཁོང་དང་ཁོང་གི་ལམ་ཁྲིད་པ་རྣམས་རེས་གཟའ་ཕུར་བུའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༢ དང་སྐར་མ་༡༥ ཐོག རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་༨༥༠༠ ཡོད་པའི་སྡོད་སྒར་དང་ཁ་བྲལ་ཏེ་ལམ་དུ་ཆས་འགོ་བརྩམས་ཡོད་པ་དང་། ཁྱོན་ཆུ་ཚོད་༧ རིང་མི་ཊར་༣༠༠ ཙམ་འཛེགས་པའི་རྗེས་སུ་རྒྱ་མཚོ་ངོས་ལས་མཐོ་ཚད་མི་ཊར་༨༨༤༨ ཡོད་པའི་ཇོ་མོ་གླང་མའི་ཡང་རྩེར་བདེ་བླག་ངང་འཛེགས་ཐུབ་པ་བྱུང་ཡོད་འདུག