གཞོན་ལྷན་གྱི་ཚོགས་ཆེན་དབུ་འཛུགས་དང་ནང་ཁུལ་གྲོས་མོལ།
༧མགོན་པོ་མཆོག་གི་ལྷ་དགོངས་འཁྲུག་གཞིའི་བྱ་སྤྱོད་རིགས་ཏིལ་འབྲུ་ཙམ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་མེད་པ་མ་ཟད། དེ་ལྟ་བུ་བསམ་བློའི་ནང་འཁོར་མྱོང་ཡང་མེད་ཅེས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་སྟེང་དྷ་ས་མེག་གྷན་དུ་ཡོད་པའི་ཁུ་ལབ་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པ་དེ་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇན་སི་མོན་གོ་རེ་ཡས་དབུས། གཞོན་ལྷན་དབུས་རྒྱུན་ཚོགས་གཞོན་ཟུར་པ་སྤྱི་འཐུས་རྒྱུན་ལས་ཀརྨ་ཡེ་ཤེས་དང་། ཚོགས་གཞོན་ཟུར་པ་སྤྱི་འཐུས་བློ་བཟང་ཡེ་ཤེས། དྲུང་ཆེ་ཟུར་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག ཚོགས་གཙོ་ཟུར་པ་ལྷ་བཟང་ཚེ་རིང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་ཐེངས་འདིའི་ཚོགས་ཆེན་ཐོག་བཅར་བའི་ཚོགས་ཞུགས་པ་ཚང་མ་མཉམ་འཛོམས་ཀྱིས། ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་མཚམས། བོད་རང་བཙན་སླར་གསོའི་ཆེད་རང་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་རྒྱལ་ཞེན་སྙིང་སྟོབས་ཀྱི་མཛད་རྗེས་ལ་གུས་བཀུར་དང་རྗེས་དྲན་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་བྱས་སོང་།
ཚོགས་ཆེན་གྱི་ཉིན་དང་པོར་༧གོང་ས་མཆོག་གིས་སྔ་ཕྱིར་བཀའ་སློབ་གནང་བ་ཁག་དང་། གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་སྒྱུར་དགོས་མིན་སྐོར་ལ་ནང་ཁུལ་གྲོས་མོལ་བྱས་ཡོད་པ་དང་། གཞོན་ལྷན་གྱི་རང་བཙན་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་སྲིད་ཇུས་ལ་སྒྱུར་དགོས་པའི་བསམ་ཚུལ་འདོན་མཁན་བྱུང་ཡོད་ནའང་། ལངས་ཕྱོགས་ལ་འགྱུར་བ་གཏོང་མི་དགོས་པའི་ཐོག་བསམ་ཚུལམང་མོས་བྱུང་ཡོད་འདུག་ཀྱང་། མཐའ་མའི་ཐག་གཅོད་ད་དུང་ཕྱིར་བསྒྲགས་བྱས་མེད་པ་རེད།
དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་མཛད་སྒོ་ངོ་སྤྲོད་ཀྱི་གསུངས་བཤད་གནང་དོན། “ཕྱི་ལོ་༡༩༤༩ ལོར་རྒྱ་དམར་གཞུང་གིས་བོད་ནང་ལ་བཙན་འཛུལ་གྱིས་ཕྱི་ལོ་༡༩༥༩ ལོར་དྲག་པོའི་དཔུང་དམག་གིས། བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་བཟོ་བཞིན་པའི་ཁར་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་ཐབས་ཀྱིས། བོད་མི་རྣམས་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་སུ་བསྒྱུར་ཟིན་ན་ཡང་། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་བཙན་འཛུལ་དང་དྲག་གནོན་ལ་གདོང་ལེན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། རིམ་གྱིས་རྒྱ་དམར་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང་ལྷག་པར་དུ་༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ། རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་ཚང་མའི་དགོངས་པར་མངའ་གསལ་ཡིན། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་དང་དྲག་གནོན་ལ་མི་འདོད་པའི་རྣམ་པ་གསལ་སྟོན་དང་། བོད་ཀྱི་བདག་པོ་བོད་མི་ཚོས་བོད་དོན་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་དང་བོད་དོན་ལ་རྒྱབ་སྐྱོར་ཐོབ་ཆེད། ཕྱི་ལོ་༢༠༠༩ ནས་ད་ལྟའི་བར་བོད་ཆོལ་ཁ་གསུམ་ནས་རྒྱལ་གཅེས་པ་༡༡༧ གྱིས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་གི་རྩ་ཆེའི་མི་ལུས་མཆོད་མེར་ཕུལ་ཏེ། འཛམ་གླིང་འདིའི་སྟེང་བོད་དོན་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་གི་མགོ་བརྩམས་ཡོད། གོ་སྐབས་འདི་བརྒྱུད་དེ་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གྲོངས་སུ་གྱུར་ཟིན་པ་སྤྱི་དང་། ཡང་སྒོས་ད་ལྟ་རྒྱ་གཞུང་གི་བཙོན་ཁང་ནང་སྡུག་སྦྱོང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་ཡོངས་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་མ་ཟད་ཁྱེད་རྣམས་ཀྱི་རྒྱལ་ཞེན་བློས་བཏང་གི་མཛད་རྗེས་རྣམས་དུས་ནམ་ཡང་ཆུད་ཟོས་སུ་མི་འགྲོ་བར་བྱ་རྒྱུ་ང་ཚོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་ངོས་ནས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། ད་དུང་བཙན་བྱོལ་སྤྱི་ཚོགས་ནང་བོད་མི་ཁ་ཤས་ཤིག་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་རང་ལུས་མེར་སྲེག་བཏང་ཡོད་པའི་ཁོངས་ནས་རྒྱལ་གཅེས་པ་གསུམ་འདས་གྲོངས་སུ་སོང་ཡོད་པ་རེད། གོ་སྐབས་འདི་བརྒྱུད་ནས་དེ་དག་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
ཁོང་གིས་མུ་མཐུད་དུ་གསུངས་དོན། “བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ནི། ང་ཚོའི་རྩ་དོན་འཐབ་རྩོད་ཀྱི་རྨང་གཞི་གཙོ་བོ་ཡིན་པར་ངོས་འཛིན་གྱིས། བཙན་བྱོལ་ནང་གི་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་ངང་བོད་སྤྱིའི་རྩ་དོན་འཐབ་རྕོད་ཆེད་རང་ནུས་གང་ཡོད་སྤུངས་རྒྱུ་དེ། ང་ཚོའི་ཕྲག་ཏུ་བབ་པའི་ལས་འགན་གཙོ་བོ་ཡིན་པར་ངོིས་འཛིན་ཞུ་ཐུབ་དགོས། འཛམ་གླིང་འདིའི་སྒང་གི་ལོ་རྒྱུས་ལ་བལྟས་ཚེ་རྒྱལ་ཁབ་ཀྱི་འཐབ་རྩོད་མང་ཆེ་བ་དུས་ཡུན་རིང་ཐུང་ལ་མ་བལྟས་པར་བདེན་པ་ཡོད་ས་དེར་རྒྱལ་ཁ་ཐོབ་ཡོད་པས། དེར་བརྟེན་ང་ཚོ་བོད་མིའི་འཐབ་རྩོད་ལ་ཡང་རྒྱལ་ཁ་འཐོབ་རྒྱུ་ཡིན་པ་ཐེ་ཚོམ་ག་ལ་དགོས། འཐབ་རྩོད་བྱེད་མཁན་གྱི་མི་མང་ཚོ་རྡོག་རྩ་གཅིག་བསྒྲིལ་དང་། འཐབ་རྩོད་ཀྱི་རྒྱུན་འཁྱོངས་བྱས་པ་ཡིན་ན་འཐབ་རྩོད་ཀྱི་རྒྱལ་ཁ་ཐོབ་ངེས་རེད། ཉེ་ཆར་རྒྱ་ནག་ནང་འགོ་ཁྲིད་ལ་འཕོ་འགྱུར་སོང་ཡོད་པ་མ་ཟད། འཛམ་གླིང་འདིའི་སྒང་གི་རྒྱལ་ཁབ་དང་མི་རིགས་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པས། རྒྱ་ནག་གི་འགོ་ཁྲིད་ཚོས་ཀྱང་མིི་འདོད་བཞིན་དུ་འགྱུར་བ་མི་གཏོང་ཀ་མེད་ཆགས་རྒྱུ་ཡིན་པ་གསལ་པོ་རེད། དཔེར་ན། དཀྱིལ་ཤར་ཨེ་ཤིའི་ནང་མི་མང་གི་ལས་འགུལ་ལ་བརྟེན་ནས་དྲག་པོའི་སྲིད་གཞུང་མེད་པ་ཆགས་པ་ང་ཚོས་མཁྱེན་གསལ་ལྟར། རྒྱ་ནག་ནང་དབུལ་ཕྱུག་གི་བར་ཁྱད་དང་། མི་མང་ཚོར་རང་དབང་མེད་པ། བོད་མི་ཙམ་མ་ཟད་རྒྱ་ནག་མི་མང་ལ་ཡང་མང་གཙོ་མེད་པ་སོགས་ལ་རྒྱ་གཞུང་གི་འགོ་ཁྲིད་ཚོས་བསམ་ཤེས་བྱས་ཚེས་བོད་མིའི་འཐབ་རྩོད་ལ་ཡང་རེ་བ་ཆེན་པོ་ཡོད་པ་མཁྱེན་དགོས། ཉེ་དུས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་འདི་ཕྱིའི་སྐབས་གནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། འཕྲལ་ཕུག་གི་ལམ་སྟོན་བཀའ་སློབ་རིམ་པས་ཕེབས་ཡོད་པ་ཚང་མའི་དགོངས་པར་མངའ་གསལ་བཞིན། མགོན་པོ་གང་ཉིད་ཀྱི་ལྷ་དགོངས་འཁྲུག་གཞིའི་རིགས་མི་འབྱུང་བར་བྱ་རྒྱུ་ང་ཚོ་བོད་མི་ཚང་མའི་ལས་འགན་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་བཙུགས་པ་ནས་ད་ལྟའི་བར་རང་བཙན་གྱི་དམིགས་ཡུལ་གཞི་རྩར་བཟུང་ཐོག མི་ལོ་༤༤ རིང་འཐབ་རྩོད་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དེ། གཙོ་བོ་༧གོང་ས་མཆོག་གི་ཐུགས་རྗེའི་བྱིན་རླབས་དང་། ཡང་སྒོས་བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་ལས་བྱུང་བ་ཡིན་པ་གསལ་པོ་ཡིན་”ཞེས་དང་།
ཁོང་གིས་མུ་མཐུད་དུ་“བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་བཞི་ཡོད་པ་ལས། དམིགས་ཡུལ་དང་པོའི་དགོངས་དོན་༧གོང་ས་མཆོག་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་ངལ་ཇི་ལྟར་བསྐྱོན་ཡོད་པ། སྙིང་དབུས་ནས་བཀའ་དྲིན་དྲན་པའི་ཐོག་ནས་ཤེས་བཞིན་དུ་མགོན་པོ་མཆོག་གི་ལྷ་དགོངས་འཁྲུག་གཞིའི་བྱ་སྤྱོད་རིགས་ཏིལ་འབྲུ་ཙམ་ཡང་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་མེད་པ་མ་ཟད། དེ་ལྟ་བུ་བསམ་བློའི་ནང་འཁོར་མྱོང་ཡང་མེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་དང་། སེམས་ཤུགས་ཀྱི་སྲོག་རྩ། མང་གཙོའི་འཕེལ་རིམ་གསར་བཏོད་མཛད་གནང་མཁན་ཡིན་པའི་ཐོག ང་ཚོ་བོད་མི་ཙམ་མ་ཟད་འཛམ་གླིང་སྐྱེས་འགྲོ་ཀུན་ལ་སྲིད་ལ་རྙེད་དཀའ་བ་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ཡིན། ལྷག་པར་བོད་མིའི་བདེ་སྡུག་གི་ཆེད་མགོན་པོ་མཆོག་སྐུ་ན་ཤུན་ཏུ་ཕྲ་བའི་སྐབས་ནས། སྐུ་ངལ་བརྒྱ་ཕྲག་ལ་མ་འཛེམས་པར་བཀའ་དྲིན་བླ་མེད་ཇི་ལྟར་བསྐྱངས་པའི་ཚུལ་རྣམས་ཤེས་པའི་ཐོག་ནས་བཀའ་དྲིན་བླ་མེད་དུ་ཆེ་ལན་བརྒྱར་ཞུ་རྒྱུ་ཡིན། གཞོན་ལྷན་སྒྲིག་འཛུགས་ནི་བོད་མིའི་སྒྲིག་འཛུགས་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་དང་། བོད་མིའི་འཐབ་རྩོད་ནང་བོད་རིགས་གཞོན་སྐྱེ་ཚོར་ནུས་པ་མཉམ་སྤུངས་བྱ་སའི་སྡིངས་ཆ་གལ་ཆེན་ཞིག་ཡིན། དེར་བརྟེན་༧གོང་ས་མཆོག་གིས་གཞོན་ལྷན་ལ་ཐུགས་བརྩེ་ཆེན་པོའི་ངང་གཟིགས་སྐྱོང་མཛད་དང་མཛད་བཞིིན་པ་ཡིན། ང་ཚོ་གཞོན་ལྷན་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟའི་བར་༧གོང་ས་མཆོག་དང་བོད་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་མཚོན་ནུས་པ་བོད་མིའི་སྒྲིག་འཛུགས་ལ་ཤེས་བཞིན་མཚན་སྨད་སྐུར་འདེབས་རིགས་གཏན་ནས་བྱས་མེད་ལ། གལ་ཏེ་མ་ཤེས་པའི་དབང་གིས་༧གོང་ས་མཆོག་ལྷ་དགོངས་འཁྲུག་གཞིའི་རིགས་ཆ་ཕྲ་མོ་ཙམ་ཡང་བྱུང་ཡོད་ཚེ་ཚོགས་ཆེན་འདིའི་ཐོག་ཏུ་གདུང་ཤུགས་དྲག་པོས་བཟོད་གསོལ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
མཐར་ཁོང་གིས་ཚོགས་ཆེན་འདིའི་སྟེང་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་འོས་འདེམས་བྱ་རྒྱུ་ཡིན་ཞེས་བརྗོད་དེ། ཚོགས་ཞུགས་པ་ཚང་མས་དོ་སྣང་ཆེན་པོས་དབུས་རྒྱུན་མ་ནོར་བར་འོས་འདེམས་བྱ་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་དང་། དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འགྲེམས་སྤེལ་བྱས་པའི་གྲོས་གཞི་ཁག་ལ་བགྲོ་གླེང་ལྷུག་པོར་བྱ་དགོས་སྐོར། དེ་བཞིན་ཉེ་ཆར་གསར་དུ་བཙུགས་པའི་བོད་རྒྱལ་ཡོངས་ལྷན་ཚོགས་ཞེས་པ་དང་གཞོན་ལྷན་སྒྲིག་འཛུགས་བར་འབྲེལ་བ་གཏན་ནས་མེད་སྐོེར་སོགས་གསུངས་སོང་།
དེ་རྗེས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་ཇན་སི་མོན་གོ་རེ་ཡས་གསུང་བཤད་གནང་སྐབས། བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཡིན་སྐོར་དང་འབྲེལ་མ་འོངས་པར་བོད་རིགས་གཞོན་སྐྱེས་ཚོའི་ངོས་ནས། སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་ཆེད་སེམས་ཤུགས་མ་ཆགས་པར་མུ་མཐུད་དུ་འབད་བརྩོན་བྱས་པ་ཡིན་ན། རྒྱལ་ཁབ་སླར་གསོ་ཡོང་རྒྱུ་ཡིན་སྐོར་རྒྱ་གར་མི་རིགས་ཀྱི་རྩ་དོན་འཐབ་རྩོད་དཔེར་བཞག་སྟེ་ངོ་སྤྲོད་གནང་སོང་།
ཚོགས་ཆེན་འདིར་ས་གནས་ཁག་༤༠ ནས་ཚོགས་ཞུགས་པ་མི་གྲངས་༡༣༠ ལྷག་མཉམ་ཞུགས་བྱས་འདུག་པ་དང་། ཐེངས་འདིའི་ཚོགས་ཆེན་འདིའི་སྟེང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་གསར་འདེམས་དང་། དེ་བཞིན་གྲོས་ཆོད་ཁག་དང་མ་འོངས་པའི་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་བགྲོ་གླེང་བྱ་རྒྱུ་ཡིན་པ་རེད།
ཚོགས་གཞོན་དོན་གྲུབ་ལྷ་དར་གྱིས་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་བ་དང་སྦྲགས། ཁོང་གིས་གསུངས་དོན། “དེ་རིང་འདིར་དབུས་རྒྱུན་ལས་ཐོག ས་གནས་རྒྱུན་ལས། ཚོགས་བཅར་བ་ཚང་མ་སྒྲིག་འཛུགས་འདིའི་ནང་འཛུལ་སྐབས། སྒྲིག་འཛུགས་ཀྱི་ལྟ་བ་ལངས་ཕྱོགས་ངོ་ཤེས་པ་དང་ངེས་པ་རྙེད་པའི་ཐོག་ནས་དྭངས་བླང་གིས་འཛུལ་བ་ཤ་སྟག་རེད། དེའི་བརྒྱུད་རིམ་དང་། སྒྲིག་འཛུགས་ཀྱི་ལངས་ཕྱོགས་མ་བརྗེད་པ་བྱས་ཏེ། སྤྱི་ཚོགས་ཀྱི་གླེང་ཕྱོགས་དང་། དཀའ་ངལ། བསམ་ཚུལ་མི་མཐུན་པ་ག་རེ་ཡོད་མེད་ལ་མ་ལྟོས་པར། སྒྲིག་འཛུགས་འདི་དང་པོ་བཙུགས་དུས་དམིགས་ཡུལ་བཞི་ཡོད་པ་རེད། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་འོག་ཤར་བསྐྱོད་བྱེད་རྒྱུ་དང་། རང་བཙན་སླར་གསོ་བྱེད་རྒྱུའི་དམིགས་ཡུལ་དེ་མ་བརླག་པའི་འགན་འཁུར་དེ་བརྒྱུད་རིམ་གྱི་འགན་ཁུར་ཞིག་རེད་ལ། བཟང་སྤྱོད་ཀྱི་འགན་ཁུར་ཞིག་རེད། ད་ལྟ་བར་དུ་ལོ་༤༣ ལ་དགྲ་བོ་རྒྱ་ནག་གིས་ཞེད་སྣང་དགོས་པ་ཞིག་དང་། བོད་ཕྱི་ནང་གཉིས་ནས་རེ་བ་བྱེད་དགོས་པ་ཞིག་ཡོང་བ་དེ་དམིགས་ཡུལ་བཞི་དེའི་འོག་ནས་ལས་ཀ་བྱེད་ཐུབ་པས་བྱུང་བ་རེད། དམིགས་ཡུལ་བཞི་པོ་དེ་མ་ནོར་བ་དང་། བུ་གླེན་པས་ཕ་ཡིས་མགོ་བཅོམ་ཞེས་པ་བཞིན་མ་ཆགས་པ་དགོས་པའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན། ང་ཚོའི་རླབས་ཆེན་གྱི་དབུ་ཁྲིད་༧གོང་ས་མཆོག་ལ་བླ་ན་མེད་པའི་གུས་བཀུར་དང་། བཙན་བྱོལ་བོད་གཞུང་ལ་བླ་ན་མེད་པའི་གུས་བཀུར་ཡིད་ཆེས་ཀྱི་ཐོག་ནས་ཚོགས་ཆེན་འདི་ཆིག་སྒྲིལ་དང་རྣམ་དཔྱོད་ལྡན་པའི་མཇུག་སྒྲིལ་ཞུ་ཐུབ་པའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།།