བརྗེད་མི་སྲིད་པའི་ལོ་རྒྱུས།
འདོན་ཐེང་སྔོན་མའི་འཕྲོས་་་་་་་་་་་་་་་དེ་ནས་ཆུ་ཚོད་ཕྱེད་ཀ་ཙམ་རྗེས་སུ་ངུ་མཚམས་བཞག་རྗེས་རྣམ་ཀུན་འདུག་གནས་དགོན་ ཆུང་ནང་དུ་ཕྱིན་པ་ཡིན། ཕལ་ཆེར་ཆུ་ཚོད་གཅིག་ཙམ་རྗེས་སུ་ཞང་ཨ་ཆོས་ལགས་ཀྱིས་ཁོང་གི་ནང་དུ་ཡོང་དགོས་ཞེས་ལན་འབྱོར་བ་དང་ལམ་སང་ཕྱིན་པ་ཡིན། ཁོང་གི་ཁྱེད་རང་སང་ཉིན་གསུང་ཆོས་ལ་འགྲོ་ན་འགྲིག་གི་མ་རེད། ཁྱེད་ཚོས་འཆར་གཞི་གང་ཡིན་ངས་ཧ་གོ་ཡི་ཡོད། དེ་ལས་ཆོས་སྤྱོད་བློ་འཛིན་ཆེད་དུ་དཔེ་མཚམས་སུ་སྡོད་དགོས་ཡོད་བཅས་གསུངས་སོང་།
ངས་ལམ་སང་ང་སང་ཉིན་གསུང་ཆོས་ལ་འགྲོ་མཁན་མིན། ངས་སྔོན་ནས་བཤད་པ་བཞིན་རྒྱ་གར་དུ་འགྲོ་རྒྱུར་གཏན་ཁེལ་ཟིན་པ་ཡིན་་དགོངས་པ་མ་ འཚོམ་རོགས་ཞུས་མ་ཐག་ཁོང་གིས་སྐད་ཤུགས་ཆེན་པོའི་སྒོ་ནས་རེད་འགྲོ་མ་ནུས་ན་ཁྱོད་བུ་མིན། ངས་ཁྱེད་ཀྱིས་རྐང་ལག་དུམ་བུར་བཏང་མ་སོང་ན་ང་བུ་མིན་ཟེར་ནས་ངར་གྱི་འདུག ཕལ་ཆེར་ཆུ་ཚོད་གཅིག་ཙམ་རིང་བཀའ་བཀྱོན་དྲག་པོ་བཏང་སོང་ཡང་ངས་ནི་གང་ཡང་ཞུས་མེད། དེ་ནས་ཡང་བསྐྱར་ད་འགྲོ་གི་ཡིན་མིན་ལན་ཐོབས་ཤིག་ཟེར་ནས་དྲི་བ་དྲིས་སོང་བས་ ངས་ཡང་སྐྱར་འགྲོ་ངེས་ཡིན་ཞེས་ལན་འདེབས་ཞུས་པ་དང་ཁོང་གི་ང་ལ་བཞུས་བྱེད་དུ་ རྒྱུག་པ་བཙལ་སོང་བས་ལམ་སང་ཁོང་གི་གཟའ་ཟླས་༼ཨ་ཆོས་ལགས་ཁྱེད་རང་སྨྱོས་པ་རེད་དམ། སྤྱིར་འགྲོ་སྟངས་ལྟར་བྱས་པ་ཡིན་ན་ས་ཐག་རིང་པོ་འགྲོ་ཁར་ཞལ་ལག་སོགས་གྲ་སྒྲིགས་ཡོད་པའི་ཐོག་ནས་དོན་ཕན་ལྡན་པའི་བསླབ་བྱ་སོགས་རྒྱག་སྲོལ་ཡོད་མོད། ཁྱོད་ཀྱིས་བྱེད་སྟངས་གང་ཡིན་ནམ། ཁྱེད་ཀྱིས་འཇམ་གཅེས་ལ་འགྲོ་ཁར་དེ་ལྟར་གནང་དགོས་དོན་གང་ཡིན་ནམ། ཁོང་གིས་ལས་གང་ལ་ཐུག་རུང་འགྲོ་ངེས་ཡིན་ཞེས་ཟླ་བ་གཅིག་གི་གོང་རོལ་ནས་ཁ་གསལ་ གཏིང་གསལ་བཟོས་ཟིན་པ་དང་། དྲིན་ཅན་ཕ་མ་གཉིས་ཀྱིས་ཀྱང་བཤོལ་མ་ཐུབ་པར་ཁྱོད་ཀྱིས་མ་ཤེས་སམ་༽སོགས་བཤད་ནས་ ཁོང་ལ་ཁ་བརྡུང་མང་པོ་བཏང་སོང་། དེ་ནས་ཁོང་ཡང་དབུགས་རིང་ཞིག་དང་ལྷན་དུ་མིག་ཆུ་ཡང་ཤོར་སོང་།
ང་ཚོ་ཕན་ཚུན་ཅུང་ཟད་རིང་དུ་ཁུ་སིམ་མེར་གནས་དགོས་བྱུང་། དེ་ནས་ཁོང་གི་ད་ནི་ཁྱེད་རང་གིས་ཐག་གཅོད་ཟིན་པ་ཡིན་པས་ང་ལ་ཐབས་ཤེས་མི་འདུག མདོར་ན་ངས་ཤི་ཁར་ཡང་ཁྱེད་རང་སེམས་ནས་མི་བརྗེད་པས་ཁྱེད་རང་གྲྭ་བ་ཡག་པོ་ཞིག་ཡོང་བར་ངའི་རེ་བ་ཡོད་སོགས་བསླབ་བྱ་མང་པོ་གནང་སོང་། ཕྱིན་ཉིན་ནམ་ལངས་པ་དང་ལྷན་དུ་འདན་ཆོས་འཁོར་དགོན་དུ་ཕྱིན་པ་ཡིན་ང་དང་ལྷན་དུ་ཞང་ཨ་ཆོས་་དང་། བདག་གི་སྙིང་ཉེ་ཁ་ཤས་སྐྱེལ་མ་ཆེད་དུ་འདན་ཆོས་འཁོར་བར་དུ་ཕེབས་སོང་། དེའི་ཕྱིན་ཉིན་འབའ་དྷ་དགོན་དུ་ཆོས་ཞུ་ཕེབས་མཁན་འདན་ཆོས་འཁོར་གྱི་དགེ་འདུན་པ་དག་ཕེབས་སའི་རྒྱ་སྐད་དུ་སྟང་ཤོང་འབོད་པའི་བཅའ་དངོས་དབོར་བྱེད་ཀྱི་མོ་ཊ་ཆེན་པོ་ཞིག་འདུག་པར་དེའི་ནང་དུ་འཛུལ་ནས་རིམ་བཞིན་ལམ་དུ་ཞུགས་པ་ཡིན། ད་དུང་ང་རླངས་འཁོར་ནང་དུ་འཛུལ་ལ་ཉེ་བ་དང་ཞང་ཨ་ཆོས་ལགས་ཀྱི་སྐད་ཤུགས་ཆུང་ངུའི་སྒོ་ནས་དོན་དངོས་ཁྱོད་ལ་རོགས་པ་སུ་ཡོད་དམ་དྲིས་སོང་། ངས་སུ་གང་མེད་ང་རང་གཅིག་པོ་ཡིན་ཞེས་བཤད་མ་ཐག་ཁོང་གིས་སྤྱན་ཟུང་ནས་ཉིན་གཅིག་གི་སྔོན་དུ་ཨ་མའི་མིག་ཆུ་དེ་དང་འདྲ་བ་ཞིག་བཏང་ནས་དེ་འདྲ་ཡིན་ན་ལས་གང་ལ་ཐུག་ཀྱང་ངས་མི་གཏོང་ངོ་མ་ཡིན་ཞེས་གསུང་ཞོར་ང་ལ་འཐོམ་གྲབ་གནང་བ་དང་ངས་ལམ་སང་རོགས་པ་ལ་འཛུབ་མོ་བཙུགས་ནས་ཁོང་ཡོད་བཤད་པ་ཡིན། ངོ་མ་ཡིན་ནམ་ཞེས་ཡང་བསྐྱར་དྲི་བ་དྲིས་ཀྱིན་འདུག་པས་ངས་རོགས་པ་ལ་མིག་བརྡ་ཞིག་བྱས། ཁོང་གི་ལམ་སང་ཁྱོད་རང་སེམས་ཁྲལ་མི་དགོས་ཞེས་བཤད་པས་ཁོང་གིས་ཡང་བློ་བདེ་བས་རྣམ་འགྱུར་སྟན་སོང་།
དེ་ནས་རིམ་བཞིན་ང་ཚོ་ལམ་དུ་ཞུགས་ནས་ཡོང་བས་ལམ་བར་ནས་ཆེས་ཐོག་མ་ལྟེ་ཁྲག་འཕོ་སའི་ཕ་ཡུལ་གྱི་རི་བོ་དང་། འབབ་ཆུ། ནགས་ཚལ་སོགས་ཀྱིས་ཀྱང་བདག་ལ་སྐྱེལ་མ་བྱེད་ཀྱི་ཡོད་པའི་ཚོར་སྣང་ཞིག་བྱུང་ སོང་། ངོ་མ་ཆུང་བྱིས་པའི་དུས་ནས་འཚར་ལོང་བྱུང་སའི་ཕ་ཡུལ་གྱི་ཁོར་ཡུག་དག་ནི་ཉིན་མོ་དེར་ཆེས་མཛེས་སྡུག་ལྡན་པ་ཞིག་དང་། ཆེས་ཡིད་དུ་འོང་བ་ཞིག མདོར་ན་སྔར་མཐོང་མ་མྱོང་བ་ཞིག་མཐོང་སོང་། ཉིན་མོ་དེ་དག་གི་རྒྱུ་རིམ་དག་དེང་སང་ཡང་གསལ་ཐིང་ངེ་བློ་ངོར་འཆར་གྱི་འདུག དེ་ནས་ཉིན་གུང་ཆུ་ཚོད་གཉིས་པ་ཙམ་དུ་ཁུག་ཆུང་སུམ་མདོ་ཟེར་སའི་ས་གནས་དེར་འབྱོར་སོང་། ས་གནས་དེ་ནས་ང་དང་ང་ཡི་རོགས་པ་གཉིས་གཅིག་པོར་འདན་ཆོས་འཁོར་གྱི་དགེ་འདུན་པའི་ནང་ནས་ཟུར་དུ་དོན་ནས་ཡོང་དགོས་པ་རེད། ཁོང་ཚོ་ཕེབས་ལམ་་ནི་རྫ་ཆུ་ཁའི་ཕྱོགས་སུ་བརྒྱུད་དགོས་པ་དང་ངེད་གཉིས་ནི་སྡེ་དགེའི་ཕྱོགས་སུ་འགྲོ་དགོས་པ་རེད། ས་ཚིགས་དེར་དགེ་འདུན་པ་ཚང་མའི་ངལ་གསོལ་གནང་ནས་ཅུང་ཟད་བཞུགས་སོང་། དེ་ནས་ ཁོང་ཚོ་རླངས་འཁོར་ནང་དུ་འཛུལ་ནས་ངེད་གཉིས་ལ་ཕྱག་གཡུག་གནང་ནས་རིན་བཞིན་མི་མངོན་པའི་གནས་སུ་གྱུར། ངེད་གཉིས་ཀྱི་ཁོང་ཚོར་ལ་བཤད་པ་ནི་ལྷ་སར་འགྲོ་མཁན་ཡིན་བཤད་པ་ལས་རྒྱ་གར་དུ་འགྲོ་དགོས་ཚུལ་བཤད་མེད་པ་རེད། དེ་ནས་ངེད་གཉིས་ཁོང་རྣམས་དང་ཁ་བྲལ་དུས་ངོ་མ་སྐྱོ་སྣང་ཆེན་པོ་བྱུང་སོང་བ་མ་ཟད་ང་ནི་མིག་ཆུ་ཤོར་སོང་། ཕལ་ཆེར་ང་ཡི་གྲོགས་པོ་ཡང་ངོ་མདོག་ཤོར་འདུག་པའི་སྣང་ཚུལ་བྱུང་སོང་། དེ་ནས་རིན་བཞིན་སྡེ་དགེ་དང་། འཇོ་མདའ། ཆབ་མདོ་སོགས་བརྒྱུད་ནས་སྐབས་རེ་རླངས་འཁོར་དང་། སྐབས་རེ་གོམ་བགྲོད་སོགས་བྱས་ནས་ལྷ་ས་བར་དུ་ཡོང་བ་ཡིན། ངེས་གཉིས་ལྷ་སར་སླེབས་པའི་ཉིན་དང་པོ་ནི་དཀའ་ངལ་ཆེ་ཤོས་དེ་འཕྲད་སོང་། གང་ཡིན་ཞེ་ན། མཚན་མོ་ཆུ་ཚོད་བཅུ་པ་ཡས་མས་ལྷ་སའི་ཇོ་ཁང་འགྲམ་དུ་རླངས་འཁོར་ཞིག་གིས་གཡུགས་སོང་བས་ངེད་གཉིས་ནི་གང་དུ་འགྲོ་དགོས་མིན་དང་གནས་ཚང་སོགས་གང་དུ་བཙལ་དགོས་མིན་མ་ཤེས་པས་ཇོ་ཁང་སྒོ་ཁར་ཉལ་བ་ཡིན། སྐར་མ་བཅུ་ཙམ་རྗེས་ནས་ཉེན་རྟོག་པ་སླེབས་ནས་ཕྱིར་འབུད་བཏང་སོང་། དེ་ནས་གང་དུ་འགྲོ་དགོས་མིན་མ་ཤེས་རྐྱེན་མེ་ཏོག་ལྡུམ་ར་ཡོད་ས་དེར་བསྡད་སྐབས་མོ་ཊ་ནག་པོ་ཆུང་ངུ་ཞིག་གི་ནང་ནས་ཕོ་གསར་གཉིས་དོན་ནས་ངེད་གཉིས་ལ་མང་པོ་ཞིག་དྲི་བ་བཏང་གི་འདུག་ཀྱང་ལྷ་སའི་ཡུལ་སྐད་མི་་གོ་རྐྱེན་གོ་བརྡ་འཕྲོད་ཁག་པོ་འདུག སྐབས་ཤིག་ལ་མི་གཅིག་པོ་དེའི་ཞལ་འདོན་འདོན་རོགས་ཨ་མ་ལགས་ཤི་སོང་ཟེར་བ་འདྲ་པོ་ཞིག་ར་འཕྲོད་ཐུབ་སོང་། དེ་ནས་ངེད་གཉིས་མོ་ཊའི་ནང་དུ་འཛུལ་ནས་ཕྱིན་པ་ཡིན། གང་ཙམ་རྗེས་་སུ་འབྲས་སྤུངས་དགོན་དང་ཐག་ཉེར་ས་ཞིག་ལ་རེད་འདུག་་་་་མུར་འགོད་་་་་་་་་་་་་་་་་་་་་