བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དྲུག་པ།

ཟླ་འདིའི་ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་ཡོད་པའི་ལྷོ་ཕྱོགས་བོད་མིའི་ཁྲིམས་ཞིབ་ཁང་དུ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་༦ པ་དེ་བཞིན་དངོས་སུ་དབུ་འཛུགས་བྱས་ཡོད་པ་རེད།

དེ་ཡང་ཁྲིམས་ལུགས་ཀྱི་སྦྱོང་བརྡར་ཐེངས་དྲུག་པ་དེ་བཞིན་དངོས་སུ་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་སྤྱི་འཐུས་འཇིགས་མེད་འབྱུང་གནས་ དང་། ས་གནས་ལུགས་ཟུང་བསམ་འགྲུབ་གླིང་གི་ས་གནས་འགོ་འཛིན་དགྲ་འདུལ་དང་། བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས། དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་ཁག་གི་ཚོགས་གཙོ་སོགས་མཉམ་ཞུགས་བྱས་འདུག

ཉིན་རྒྱབ་ཁྲིམས་ལུགས་སྦྱོང་བརྡར་ཀྱི་ཟབ་ཁྲིད་དངོས་སུ་འགོ་འཛུགས་ཞུས་སོང་། ཁྲིམས་ལུགས་སྦྱོང་བརྡར་དེའི་སློབ་ཁྲིད་པ་དག་ནི་བཙན་བྱོལ་བོད་མིའི་ཆེའི་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་འགྲུབ། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་དང་། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པ་བསྟན་འཛིན་ལྷུན་འགྲུབ་བཅས་རེད་འདུག ཁྲིམས་ལུགས་སྦྱོང་བརྡར་དེའི་སློབ་ཚན་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་འདོན་འབུལ་བྱེད་ཕྱོགས་ཀྱི་རྩ་འཛིན་ཁྲིམས་ཡིག་བཅས་རེད་འདུག
ད་ཐེངས་ཀྱི་ཁྲིམས་ལུགས་སྦྱོང་བརྡར་འདི་ནི་བཙན་བྱོལ་བོད་མིའི་ཆེའི་མཐོའི་ཁྲིམས་ཞིབ་ཁང་གིས་གོ་སྒྲིག་འོག་གནང་བའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དྲུག་པ་དེ་ཡིན་པ་དང་། སྔོན་ཆད་ཁྲིམས་ལུགས་སྦྱོང་བརྡར་ཐེངས་ལྔ་བྱུང་ཡོད་པའི་ནང་མི་གྲངས་༡༤༠ ལྷག་ཅིག་མཉམ་ཞུགས་བྱུང་འདུག་པ་དེ་དག་གི་ཁྲོད་ནས་མི་གྲངས་༡༠༦ ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལག་ཁྱེར་སྤྲད་ཡོད་པ་དང། ཁྲིམས་རྩོད་པ་དེ་དག་གི་ཁྲོད་ནས་མི་བཞིས་ཆེ་མཐོའི་ཁྲིམས་ཞིབ་ཁང་དང་། ས་གནས་ཁྲིམས་ཞིབ་ཁང་དག་ཏུ་དངོས་སུ་ཁྲིམས་ཞིབ་པའི་ཕྱག་ལས་གནང་དང་གནང་བཞིན་པ་ཡིན་འདུག
ད་ཐེངས་ཁྲིམས་ལུགས་ཟབ་སྦྱོང་འདིར། སྦེལ་ཀོབ་བོད་མི་གཞིས་ཆགས་ཁག་གཉིས་དང་། ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་། མོན་གྷོ་འདོད་དགུ་གླིང་སོགས་ནས་དེ་སྔོན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྐོར་ལ་སྦྱོང་བརྡར་ཐོབ་ཟིན་པའི་ཁྲིམས་རྩོད་པ་༢༥ དང་། དེ་མིན་གསར་དུ་ཁྲིམས་ལུགས་སྦྱོང་བརྡར་བྱེད་མཁན་མི་གྲངས་༡༢ བཅས་ཁྱོན་མི་གྲངས་༣༧ མཉམ་ཞུགས་བྱས་འདུག བཙན་བྱོལ་བོད་མིའི་ཁྲིམས་ལུགས་སྦྱོང་བརྡར་ཐེངས་དྲུག་པ་འདི་ཉིན་བཅུའི་རིང་ལ་བྱ་རྒྱུ་ཡིན་པ་དང་། མཇུག་མཐར་གསར་དུ་བཙན་བྱོལ་བོད་མིའི་ཁྲིམས་ལུགས་ལ་སྦྱོར་བརྡར་གནང་བ་དང་། ཁྲིམས་ལུགས་ལྟར་ཁྲིམས་རྩོད་པའི་ཆ་རྐྱེན་ཚང་པ་དག་ལ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པར་ཐོ་འགོད་ཀྱིས་ཁྲིམས་རྩོད་པའི་ལག་ཁྱེར་སྤྲད་རྒྱུ་ཡིན་པ་རེད།།
མེ་སོར་གསར་འགོད་པས།