ཁམས་ཆུ་དམར་ལེབ་རྫོང་ནས་རང་ལུས་མེར་སྲེག་གི་ངོ་རྒོལ།

tenzin_sherab123ཕྱི་ཟླ་༥ ཚེས་༢༧ ཉིན་ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།  ཆུ་དམར་ལེབ་རྫོང་ཁོངས་གཏོགས་ཨ་དྲེལ་སྡེ་པ་ནས་ཡིན་པ་བསྟན་འཛིན་ཤེས་རབ་ཀྱིས་རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག

དེ་ཡང་གྲྭ་བྱམས་པ་ཡོད་ཏན་གྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཁམས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།  ཆུ་དམར་ལེབ་རྫོང་།  ཆིག་སྒྲིལ་གྲོང་བརྡར།  སྐྱ་འཁྱོག་ཡུལ་ཚོ།   རི་ཁག་གཉིས་པ། ཨ་དྲེལ་སྡེ་པ་ནས་ཡིན་པ་བསྟན་འཛིན་ཤེས་རབ་ཀྱིས་༢༠༡༣ ཟླ་༥ ཚེས་༢༧ ཉིན་ཆུ་དམར་ལེབ་རྫོང་གི་ཁོངས་གཏོགས་རྒྱ་རིང་ཟེར་བའི་ས་ཆ་ནས་རང་ལུས་མེར་སྲེག་བཏང་སྟེ་སྐུ་གྲོངས་ཡོད་པ་རེད།

ཁོང་གིས་མེར་སྲེག་བཏང་ནས་སྐུ་གྲོངས་པའི་རྗེས་སུ་མ་གཏོགས་རོགས་པ་ཚོས་ཤེས་རྟོགས་བྱུང་མི་འདུག་ལ།  དེ་མ་ཐག་ཆུ་དམར་རྫོང་གི་སྤྱི་བདེ་ཉེན་རྟོག་པ་འབྱོར་ནས་སྐུ་ཕུང་ཁྱེར་ཡོད་ཀྱང་།   ཐ་མ་དེར་ཚེས་༢༨ ཉིན་ཁོང་གི་ཕ་དོན་འགྲུབ་སོགས་སྐད་བཏང་སྟེ།  སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་འདུག

tenzin_sherab12བསྟན་འཛིན་ཤེས་རབ་ཀྱི་ཕ་མིང་ལ་དོན་འགྲུབ་དང་།  མ་མིང་ལ་ཆོས་མས།  སྤུན་མཆེད་ལྔ་ཡོད་འདུག   ཁོང་གིས་ཉིན་འགའི་སྔོན་གྲོགས་པོ་ཁ་ཤས་ལ་རྒྱ་ནག་གི་སྲིད་ཇུས་ཡག་པོ་མེད་ཚུལ་དང་།  མི་རིགས་ཀྱི་ཆོས་དང་རིགས་གཞུང་རྩ་བརླག་འགྲོ་ཉེན་ཡོད་པ།  ང་རང་ཚོ་རྒྱ་ནག་གི་དྲག་སྤྱོད་འོག་ནས་འདུག་ཐབས་བྲལ་བ་སོགས་ཀྱི་གསུང་གླེང་མང་པོ་བྱས་ཡོད་འདུག  མི་འགྱང་བར་སྐུ་ཕུང་དབོན་པོ་དགོན་ནང་དུ་ཁྱེར་འཆར་ཡོད་འདུག

ཨ་དྲེལ་སྡེ་བ་ནི་སྔོན་ཆད་ཁམས་རྫ་ཆུ་ཁ་དབོན་པོ་སྡེ་བའི་ནང་ཚན་རིས་ཆེན་ཞིག་ཡིན་ཡང་།   ༡༩༥༩ སྔོན་ཨེ་དྲེལ་སྒྲོལ་མ་སོགས་ཀྱིས་སྣེ་ཁྲིད་འོག་རྒྱ་གར་ལ་འགྲོ་རྩིས་བྱས་ཏེ།  ཆུ་དམར་ལེབ་ཅེས་པའི་ས་ཆ་དེར་འབྱོར་སྐབས། རྒྱ་དམག་དང་ཁྱོད་ཤི་ང་གསོན་གྱི་འཐབ་འཁྲུག་བྱས་རྗེས་ས་ཆ་དེར་གནས་ཆགས་པ་ཞིག་ཡིན།  ད་ལྟའི་ཆར་སྡེ་བ་དེར་ཨ་དྲེལ་དགོན་དགའ་ལྡན་བསམ་གཏན་ཐེག་ཆེན་ཆོས་འཁོར་གླིང་་ཞེས་པའི་དགོན་པ་ཞིག་ཀྱང་ཡོད་འདུག  །