དོགས་ཟོན་དགོས་པའི་དགྲ་བོའི་གསང་མྱུལ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༠
འཐབ་རྩོད་ཀྱི་ལོ་རྒྱུས་གང་དང་གང་ཡིན་ཡང་རང་ཕྱོགས་ཀྱི་མི་སྣ་དགྲ་བོའི་གསང་མྱུལ་དུ་བེད་སྤྱད་ནས་ནང་ཁུལ་གཏོར་བཤིག་དང། ནང་གི་གསང་བ་ཕྱི་ལ་སྐྱེལ་བ། རང་རིགས་ཀྱི་སྤུན་ཟླ་དགྲ་ལག་ཏུ་བསྐྱལ་བ་སོགས་ཀྱི་གནས་ཚུལ་ནི་རྒྱུན་ལྡན་ལྟ་བུ་བྱུང་མྱོང་ཡོད་ལ། དཔེར་ན་རྒྱ་གར་གྱི་རང་བཙན་འཐབ་རྩོད་ནང་དབྱིན་ཇི་བའི་རྒྱུག་ཁྱི་གང་མང་ཞིག་གིས་ཕྱི་མགོ་ནང་བཙོང་བྱས་པའི་ལོ་རྒྱུས་ཡོད་ལ།

རྒྱ་ནག་ལ་ཉི་ཧོང་གིས་བཙན་འཛུལ་བྱེད་སྐབས་ཀྱང་རྒྱ་མི་རིགས་ཀྱི་ནང་ནས་ནང་རུལ་པ་ཧ་ཅང་མང་པོ་ཞིག་གིས་བྱུས་ཕྱི་ནང་བརྗེ་བའི་ལོ་རྒྱུས་ཀྱང་གཅིག་མིན་གཉིས་མིན་དུ་བྱུང་ཡོད། བོད་པའི་འཐབ་རྩོད་ཀྱང་ཅུང་རྒྱུན་རིང་བ་དང་འཁོན་འཛིན་གྱི་གཞི་རྩ་ཧ་ཅང་ཆེ་བས་དགྲ་ཕྱོགས་ནས་རང་རིགས་བེད་སྤྱོད་བཏང་བ་ནི་ཉུང་ཉུང་ཞིག་ཡིན་མི་སྲིད་པ་ལྟ་བུ་རེད།

ཉེ་ཆར་བདེ་སྲུང་ལས་ཁུངས་ནས་བོད་རིགས་རྒྱ་དམར་དྲག་གཞུང་གི་གསང་མྱུལ་བ་ཞིག་གསལ་པོ་ངོས་འཛིན་དང་བཅས་གནས་ཡུལ་གཞུང་ལ་རྩིས་སྤྲོད་ཐུབ་པ་ནི་བསྔགས་བརྗོད་ཀྱི་རང་བཞིན་ཞིག་ཡིན་པ་དང། གནད་དོན་འདི་ལྟ་བུའི་རིགས་ལ་ཐུགས་སྣང་ཆེན་པོ་གནང་དགོས་པ་ནི་བོད་རིགས་ཡོངས་ཀྱི་འགན་འཁྲི་ལྟ་བུར་གྱུར་ཡོད། སྐབས་རེར་བྱམས་པ་ཕུན་ཚོགས་ཀྱིས་མི་མང་པོ་ཞིག་བཙན་བྱོལ་ནང་བཏང་ཡོད་པ་རེད་ཟེར་བ་ཙམ་དང། དེ་དག་གིས་གཏོར་བཤིག་གཏོང་སྲིད་པ་རེད་ཅེས་དྲིལ་བསྒྲགས་བྱས་པའི་སྐབས། སྤྱི་ཚོགས་ནང་དུས་རྒྱུན་མི་སྒེར་གྱི་འཁོན་འགྲས་ཡོད་པ་རྣམས་ཀྱིས་གོ་སྐབས་དེ་དག་བེད་སྤྱད་ནས། རང་ཉིད་ཀྱིས་མཐོང་མི་འདོད་པ་དེ་དག་རྒྱ་གཞུང་གི་གསང་མྱུལ་ཡིན་ཚུལ་སྒྲོག་པ་སོགས་སྔ་རྗེས་སུ་ཡང་ཡང་བྱུང་བའི་གནས་ཚུལ་ཞིག་ཡིན་པས། ད་ལན་གསང་མྱུལ་བ་ར་སྤྲོད་ངོས་འཛིན་གསལ་པོ་གནང་ཐུབ་པ་ནི་གལ་ཆེན་པོར་གྱུར་ཡོད།

གསང་མྱུལ་གྱི་ལས་དོན་སྤེལ་མཁན་བཙན་བྱོལ་ནང་ཡོད་སྲིད་པའི་གནས་ཚུལ་མང་པོ་ཞིག་སྤྱི་ཚོགས་ནང་ཤོད་མཁན་ཡོད་པ་དང། ཧང་སང་དགོས་པ་ཞིག་ལ་བོད་མི་གསར་འབྱོར་བ་སྤྱི་དང་ལྷག་དོན་དུ་༢༠༡༢ ལོའི་དུས་དབང་སྐབས་བོད་ནས་ཆོས་ཞུ་བ་རྣམས་ཀྱིས་སྣེ་ལེན་ཁང་དུ་སྤྲད་པའི་འདྲ་པར་དང་ལོ་རྒྱུས་ཚང་མ་འགྲམ་ས་མཚམས་ཀྱི་ཉེན་རྟོག་ལས་ཁུངས་སུ་འབྱོར་འདུག་ཅེས་བདེན་རྫུན་གང་ཡིན་མི་ཤེས་ཀྱང། གནས་ཚུལ་དེ་ལྟ་བུ་སྒྲོག་མཁན་སྤྱི་ཚོགས་ནང་མང་པོ་མཐོང་ཐོས་སུ་གྱུར་སོང་ལ། གང་ལྟར་གནད་དོན་འདི་དག་ལ་བརྟེན་ནས་སྤྱི་ཚོགས་ནང་དཀྲོག་རྐྱེན་གང་མང་ཞིག་ཡོང་བཞིན་ཡོད་པ་མ་ཟད། མ་འོངས་པར་ཛ་དྲག་པའི་གནས་སྟངས་ཤིག་ཀྱང་ཡོང་མི་སྲིད་པ་གཏན་ནས་མ་རེད། མདོར་ན་སྤྱི་ཚོགས་ནང་དོགས་པ་དེ་ལྟ་བུ་བྱེད་ཡུལ་གྱི་མི་སྣ་ནི་མི་དཀྱུས་མ་ནས་མཐོ་རིམ་དཔོན་རིགས་དག་གི་བར་དུ་ཡོད་ཚུལ་བརྗོད་བཞིན་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གཞུང་གི་གསང་མྱུལ་ཡིན་པའི་དོགས་པ་ཡོད་མཁན་འཛིན་བཟུང་བྱས་པ་ཐོག་མ་མིན་ལ། ཡོངས་གྲགས་ཆགས་པའང་རེ་ཟུང་རེ་བྱུང་ཡོད་པ་དང། གསང་བའི་ཐོག་ནས་འཇུས་པའང་ཡོད་མི་སྲིད་པ་མ་རེད། གང་ལྟར་ད་ལྟའི་གནས་ཚུལ་དེའི་ཐོག་ནས་སླར་ཡང་དོགས་པ་ཟ་དགོས་པ་རེ་ཟུང་ཞིག་བྱུང་ཡོད་ལ། འཇུ་བཟུང་བྱས་པ་དེས་རང་ཉིད་ཀྱིས་ཁས་ལེན་གསལ་པོ་བྱས་ཟིན་པའི་རྗེས་སུ་རྒྱ་མིའི་གསང་མྱུལ་བ་ཡིན་མིན་ཐད་དོགས་པ་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད་ཀྱང། ཁོས་ཁས་ལེན་སྟབས་བདེ་པོ་བྱེད་སྟངས་དང། དེའི་བརྒྱུད་རིམ་གྱི་གནས་ཚུལ་གང་ལ་བལྟས་ཀྱང་ད་དུང་དེའི་རྒྱབ་ཏུ་དོགས་པ་བྱེད་འོས་པའི་མི་སྣ་གཞན་དག་ཅིག་མེད་དམ་བསམ་པ་དང། དེ་ལ་བརྟེན་ནས་སླར་ཡང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གནད་དོན་ཆེན་པོ་ཞིག་བཟོ་མི་སྲིད་པ་མ་རེད་བསམ་པ་ཡང་ངམ་ངམ་ཤུགས་ཀྱིས་དྲན་ཡོང་གི་འདུག

རྒྱ་གཞུང་གི་གསང་མྱུལ་བ་དག་གི་བྱེད་ལས་དང་དམིགས་ཡུལ་མི་འདྲ་བ་ཡོད་ངེས་ཡིན་པ་དང། དཔེར་ན་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དོལ་རྒྱལ་བསྟེན་མཁན་རྣམས་རྒྱ་གཞུང་གིས་གོ་སྐབས་གང་ཡོད་དམ་འཛིན་བྱས་ནས་དངུལ་དངོས་ཀྱིས་བསླུ་བྲིད་དང་འབྲེལ་བེད་སྤྱོད་གཏོང་ངེས་ཡིན་པ་དང། ས་གནས་སོ་སོ་ནས་དེ་ལ་ངོ་རྒོལ་བྱེད་མཁན་གྱི་གྲས་སུ་འཛུལ་མཁན་རེ་ཟུང་ཡང་རྒྱ་གཞུང་གིས་དེ་ལྟ་བུའི་བེད་སྤྱོད་འོག་ཏུ་ཡོད་མི་སྲིད་པ་ཞིག་གཏན་ནས་མ་རེད། དེ་ལྟར་བརྗོད་དགོས་དོན་རྒྱ་གཞུང་གི་ངོས་ནས་དོལ་རྒྱལ་རྩ་ཆེན་པོར་བརྩི་མི་སྲིད་ཀྱང། བཙན་བྱོལ་བོད་པའི་སྤྱི་ཚོགས་དེ་ཁ་འཐོར་དགུ་འཐོར་དུ་གཏོང་དགོས་པ་དང། བོད་གཞིས་བྱེས་གཉིས་དབར་ཆིག་སྒྲིལ་གྱི་ནུས་པ་ཉམས་དམས་སུ་གཏོང་ཐུབ་ན་རྒྱ་གཞུང་ལ་དགོས་པ་དེ་འགྲུབ་པ་རེད། དེར་བརྟེན་རྒྱ་དམར་དྲག་གཞུང་གིས་གོ་སྐབས་ནམ་བྱུང་ལ་དེ་དང་དེ་ལྟ་བུའི་བཙན་བྱོལ་བོད་པའི་སྤྱི་ཚོགས་དང། བོད་ཕྱི་ནང་གི་འགལ་ཟླ་ཆེ་ཆུང་ཁག་བེད་སྤྱོད་བཏང་ནས། བོད་པའི་སྤྱི་ཚོགས་ཧྲིལ་པོའི་ནུས་པ་དང་གཅིག་སྒྲིལ་ཉམས་དམས་སུ་གཏོང་གང་ཐུབ་བྱེད་ངེས་རེད་སྙམ།།