སྟོན་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
རྒྱལ་བ་རྫོགས་སངས་རྒྱས་པའི་སྐུ་དངོས་དེ་མ་མཇལ་།།
རྒྱལ་བསྟན་ཡོངས་རྫོགས་དྲིལ་བའི་རང་ལུགས་དེ་མ་ཤེས།།
རྒྱལ་བ་ཁྱེད་ལ་དགྱེས་པའི་མི་ཚོགས་འདི་མཐོང་དུས།།
རྒྱལ་སྲས་བློ་སྤོབས་ཅན་གྱི་དཔའ་བོ་ཁྱེད་དྲན་སོང་།།
བསྟན་པ་སྟོན་པས་བསྐྱངས་པའི་གཏམ་རྒྱུད་ཀྱི་དབར་ན།།
བསྟན་འཛིན་མཁས་པའི་དཔུང་སྡེ་ལྷང་ལྷང་དུ་འབར་ཞིང་།།
བསྟན་པ་རྟག་ཏུ་འཛིན་པའི་རྗེས་ཚོགས་འདི་མཐོང་དུས།།
བསྟན་པ་གསར་དུ་བཏོད་པའི་སྟོན་པ་ཁྱེད་དྲན་སོང་།།
ཡོངས་ཀྱིས་བཀུར་བའི་ངེས་དོན་ད་ལྟ་ཡི་སངས་རྒྱས།།
ཡོངས་དང་བསྟུན་པར་མཁས་པའི་དུས་རབས་ཀྱི་རྗེ་བོ།།
ཡོངས་ལ་སྙིང་ནས་དྲིན་པའི་ཟས་གཙང་གི་སྲས་མཆོག།།
ཡོངས་རྫོགས་འགྲོ་བའི་འཚབ་ཀྱིས་སྙིང་ཁོང་ནས་དྲན་ཡོད།།
རྫོགས་ལྡན་གསེར་གྱི་ཉི་མ་མཁའ་ལམ་ནས་བསུས་ཏེ་།།
རྫོགས་མེད་ཆོས་ཀྱི་ཉིང་བཅུད་རིག་ཀློང་ནས་རྡོལ་བའི།།
རྫོགས་སངས་རྒྱས་སུ་གདམས་པའི་ངེས་དོན་གྱི་བླ་མ།།
རྫོགས་མེད་མིག་ཆུའི་ཀློང་ནས་རྟག་བརྟན་གྱིས་དྲན་ཡོད།།
ཀྱི་ཧུད་དུས་ཀྱི་ཁམས་མདོག་མར་མར་དུ་འགྲིབ་ཅིང་།།
ཀྱི་བསེར་གྲང་བའི་ངར་ཁ་ཉིན་ཉིན་གྱིས་འགྱུར་སྟབས།།
ཀྱི་ལིར་འཁོར་བའི་འཇིག་རྟེན་ཆུང་ཆུང་གི་མལ་ནས།།
ཀྱི་ཧུད་འདོན་པའི་གདངས་ནས་ཁྱེད་ཉིད་དུ་དྲན་ཡོད།།
བདག་འཛིན་དུག་གི་ཕུང་པོ་ལྷག་མེད་ཀྱིས་བཅོམ་ཞིང་།།
བདག་ལས་གཞན་ལ་གཅིས་པ་སྤྱི་བོ་རུ་བཀུར་པའི།།
བདག་སོགས་བརྩེ་བས་སྐྱོང་བའི་སྐལ་བཟང་གི་རྣམ་འདྲེན།།
བདག་སེམས་སྙིང་གི་དཀྱིལ་ནས་ཡང་ཡང་དུ་དྲན་ཡོད།།
སྤྱི་ལོ་༢༠༡༣་ཟླ་༥་ཚེས་༢༥་ཉིན་བྲིས།