༢༽ བྱེ་བྲག་མིང་གི་ངོ་བོ་ངོས་འཛིན་དང་དེ་གྲུབ་ཚུལ།

སྔོན་མའི་འཕྲོས་་་་་་་་་་་་་་

མི་རིགས་ཤིག་ལ་ཆེས་མེད་དུ་མི་རུང་བ་ནི་མི་རིགས་དེའི་སྐད་ཡིག་རེད། སྐད་ཡིག་དེས་ཆབ་དཔལ་རིག་གསུམ་རྩ་འཛིན་དང་འཕེལ་རྒྱས་ཀྱི་སྒོ་མོ་ངེས་ཅན་འབྱེད་བཞིན་ཡོད་པ་མ་ཟད། སྐད་ཡིག་གི་མ་ལག་གཙོ་བོ་བརྡ་སྤྲོད་པའི་གྲུབ་ཆ་ཞིག་སྟེ། ཚོགས་གསུམ་གྱི་ཡ་གྱལ་མིང་གི་ཚོགས་ཇི་ལྟར་ངོས་འཛིན་ཚུལ་དང་གྲུབ་ཚུལ་ཀྱི་ཐད་རང་བློར་འཆར་ཚུལ་དང་གཞན་གྱིས་བཤད་ཚུལ་ལྟར་ཅུང་ཙམ་བཤད་ན།

 

 

དེ་ཡང་མི་རྣམས་ཀྱིས་བཤད་པའི་སྐད་ཆ་མདོར་བསྡུས་ན་ཕྱི་ཚུལ་གྱི་རྣམ་པ་སྐད་སྒྲའི་ངོ་བོར་གནས་པ་དང་། ནང་དུ་བརྡ་དོན་གྱི་རྣམ་པར་གནས་པ་གཉིས་སུ་བསྡུས་ཡོད་པ་ལྟར། སྒྲ་དོན་གཉིས་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་ངེས་ཅན་བརྒྱུད་དེ་མི་རྣམས་བརྡ་དོན་ལ་བླང་དོར་དང་དགོས་མཁོའི་ཆེད་དུ་འཇུག་ལྡོག་སྣ་ཚོགས་བྱེད་བཞིན་ཡོད། ཕྱི་ཚུལ་གྱི་སྒྲ་དེས་དོན་མཚོན་པར་བྱེད་པ་དང་བརྟན་འཆགས་བྱེད་པའི་དངོས་པོའི་ཕྱི་རྐྱེན་ཡིན་པས། དེ་མེད་ན་བརྡ་དོན་ཟེར་བ་ཡང་གཞི་མི་འགྲུབ། བརྡ་དོན་ནི་མི་རྣམས་ཀྱིས་ཕྱི་རོལ་གྱི་བྱ་དངོས་ལ་ངོས་ཟིན་པའི་ཚུར་སྣང་ཡིན་པས། དེ་མེད་ན་སྐད་སྒྲ་རང་བྱུང་གི་སྣང་ཚུལ་ཁོ་ན་ཙམ་དུ་འགྱུར། དེའི་རྐྱེན་གྱིས་སྐད་ཆའི་སྡེ་ཚན་སོ་སོ་ཚང་མས་ཕྱི་ཚུལ་དང་ནང་དོན་གཉིས་ཀྱི་གཅིག་འདུའི་ཕུང་པོ་ཡིན་[1]ཞེས་བཤད་པ་ལྟར་ང་ཚོའི་སྨྲ་བ་ཡོད་ཚད་པོ་དེས་ཕན་ཚུན་བར་བརྡ་ལན་སྐྱེལ་སྐབས་ཕྱི་ཚུལ་གྱི་སྐད་སྒྲ་དང་། རྣམ་འགྱུར་དེས་ནང་གི་བསམ་བློའི་མ་ལག་ལ་འབྲེལ་བ་ངེས་ཅན་བརྒྱུད་མི་རྣམས་ཕན་ཚུན་གོ་བརྡ་སྤྲོད་བཞིན་ཡོད་ལ། དེ་གཉིས་ཕྱོགས་རེ་བས་གོ་བརྡ་སྤྲོད་མི་ནུས་པས་གཅིག་འདུས་ཀྱི་ནུས་པ་དེས་མི་རྣམས་ཀྱི་རྣ་བའི་དབང་ཚོར་དང་། བསམ་གཞིག་གི་དབང་རྩ་བརྒྱུད་དེ་ཕྱི་རོལ་ཡུལ་ལ་འཇུག་ལྡོག་བྱེད་བཞིན་པ་ལྟར། ང་ཚོས་ཡུལ་ལ་འཇུག་ལྡོག་བྱེད་སྐབས་མིང་དོན་འབྲེལ་བ་ངེས་ཅན་བརྒྱུད་དེ་གནད་དོན་རྣམས་ཐག་གཅོད་བྱེད་བཞིན་ཡོད་པ་མ་ཟད། མིང་གི་སྒྲིག་གཞི་ཕུན་སུམ་ཚོགས་པ་དང་གྱ་ནོམ་པ་ཞིག་མེད་ནས་བཟུང་དོན་མཚོན་གྱི་བརྗོད་པ་ཡང་ལེགས་པོ་ཞིག་ཡོངས་ཐབས་མེད་པས་ཐོག་མ་མིང་ཉིད་གཅེས་འཛིན་དགོས་གལ་ཆེ།

 དེ་ཡང་སློབ་དཔོན་ཐོན་མིས། མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །དེ་ལྟར་གྱུར་ན་འཇིག་རྟེན་དུ། །དོན་མཚོན་བརྗོད་པ་ཀུན་ཀྱང་མེད། །རིག་བྱེད་སྨྲ་བའང་ཡོད་མི་འགྱུར། །ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་གསུངས་པ་དང་། ཐོག་མ་བྱ་དངོས་གང་ཡིན་རུང་དེའི་མིང་མ་རྟོགས་ན་བླང་དོར་གྱི་འཇུག་པར་རྨོངས་པ་ཙམ་མ་ཟད། མི་རིགས་ཤིག་གི་སྐད་ཡིག་རིག་གཞུང་ལ་མཚོན་ན་མིང་གིས་གོ་ས་ཧ་ཅང་ཆེན་པོ་བཟུང་ཡོད། “མིང་ནི་ཚིག་གི་ཉེར་རྒྱུ་དང་། མི་རིགས་ཤིག་གི་སྐད་ཆའི་སྦྱོར་བ་འགྲུབ་བྱེད་ཀྱི་རྟེན་གཞི་ཉག་གཅིག་ཏུ་ངེས་སྟབས། རིག་གནས་ཀྱི་ཁྱད་པར་མིང་གིས་མཚོན་ཞིང་། མིང་གི་འདོགས་ལུགས་ཀུན་རྟོག་གི་བློ་ལ་བརྟེན་ནོ།།[2] ཞེས་བཤད་པ་ལྟར་མིང་གི་ཁྱབ་ཚད་དང་བྱེད་ནུས། མཚོན་དོན་སོགས་མ་ཤེས་ཐུ་མེད་ཆགས་ཡོད་ན། ཐོག་མ་མིང་གི་ངོ་བོ་དང་དེ་གྲུབ་ཚུལ། དེའི་དབྱེ་བ་དང་མིང་འདོགས་སྟངས་སོགས་གལ་ཆེ་བས་རོབ་ཙམ་ཞིག་བཤད་ན།

དེ་ཡང་མིང་གི་ངོ་བོ་ཞེས་པ་ནི་མིང་གི་ཐུན་མིན་གྱི་ཁྱད་ཆོས་སམ། ཡང་ན་མཚན་ཉིད་ཅེས་པ་དེ་དང་དོན་གཅིག་མཚུངས་སུ་གོ་དགོས།   དེ་ཉིད་ངོས་འཛིན་ཚུལ་གྱི་ཐད་གནའ་དེང་མཁས་པ་སོ་སོའི་བཞེད་ཚུལ་སྣ་ཚོགས་ཡོད་པའི་ནང་གསེས་རང་ཉིད་ཀྱི་འཐད་ཕྱོགས་སུ་རློམ་ཆེ་བའི་འདོད་ཚུལ་འགའ་ཞིག་བཀོད་ན།

གནས་བརྒྱད་ཆེན་མོའི་རྩ་འགྲེལ་དུ། མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ།  །ཞེས་པ་དང་། ས་པཎ་གྱི་མཁས་འཇུག་ཏུ། ཡི་གེ་འདུས་པའི་བདག་ཉིད་ཅན། །དོན་གྱི་ངོ་བོ་བརྡ་སྤྲོད་པ། །མིང་ཡིན་ཞེས་པ་དང་། སུམ་རྟགས་ཀྱི་འགྲེལ་བ་མུ་ཏིག་ཕྲེང་མཛེས་སུ། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན་ཞེས་གསུངས།སྐད་བརྡ་རིག་པའི་སྤྱི་དོན་》“མིང་ནི་གདགས་བྱའི་དོན་གྱི་ངོ་བོ་ཚུགས་ཐུབ་ཏུ་སྟོན་ནུས་ཤིང་རང་དབང་གིས་བཀོལ་རུང་བའི་སྒྲ་དོན་གྱི་གྲུབ་ཆ་ཆེས་ཆུང་བ་ཞིག་ལ་བྱ། འདི་ལྟར་ན་མིང་ལ་ཁྱད་ཆོས་གསུམ་ལྡན་ཏེ། ༡༽ མིང་ནི་གདགས་བྱ་དོན་གྱི་ངོ་བོར་ཕར་དམིགས་ནས་བཏགས་ཤིང་དོན་ལ་སེལ་འཇུག་གིས་བརྡ་བྱེད་ཡིན་པས་ཚིག་དང་མིང་ཚོམ་ལ་མི་འདྲ་བའོ།། ༢༽ མིང་ནི་སྒྲ་དོན་ཚུགས་ཐུབ་ཀྱི་བདག་ཉིད་ཅན་ཞིག་ཡིན་པས་རང་ལས་ཆུང་བའི་ཡི་གེ་དང་མིང་རྫས་དང་ཡང་མི་འདྲའོ།། ༣༽ མིང་ནི་རང་དབང་གིས་བཀོལ་རུང་བའི་སྒྲ་དོན་གྱི་གྲུབ་ཆ་ཆེས་ཆུང་བ་ཞིག་ཡིན་ཕྱིར། བརྗོད་འདོད་ལྟར་རང་མོས་སུ་བཀོལ་རུང་ཞིང་གནས་སྐབས་ལྟར་དོན་སྟོན་པ་ཞིག་ཡིན་ནོ།།ཞེས་བཤད། སོགས་མང་དུ་གསུངས་འདུག་པ་རྣམས། ལ་ཤས་ཤིག་གིས་མིང་དེས་དོན་མཚོན་ཐབས་ཀྱི་ཆ་ནས་ངོས་འཛིན་བྱས་པ་དང་། འགའ་ཞིག་གིས་ཡུལ་གྱི་རྣམ་པའི་ཆ་ནས་རྟོགས་པ་ལ་དོན་གྱི་ངེས་པ་སྐྱེད་ཚུལ་སོགས་ཀྱི་ཐད་ནས་ངོས་འཛིན་དང་མཚན་ཉིད་བཞག་པ་ལྟར་དོན་ལ་གནས་ཀྱང་། ཚིག་གི་བརྗོད་བབ་ཀྱི་ཆ་ནས་བཅོས་ཏེ་རང་གི་འདོད་ཕྱོགས་ལྟར་ན། མིང་ཞེས་པ་ནི་ཡི་གེའི་གཟུགས་མི་འདྲ་བ་ཆ་དུ་མ་འདུས་པའི་གདངས་དེས་ཆོས་གང་ཡང་རུང་བ་ཞིག་གི་ངོ་བོ་ཙམ་ལས་དོན་གྱི་ཁྱད་པར་མི་སྟོན་ཅིང་བློ་ལ་གཞོལ་ཞིང་དོན་མཚོན་པའི་ཆ་ནས་མིང་ཞེས་བརྗོད་ན་འགྲིག་སྙམ། སྤྱིར་མིང་ལ་དོན་གྱི་ངོ་བོ་ཙམ་སྟེ་ཁྱད་པར་གང་ཡང་མི་སྟོན་པ་དང་། ཁྱད་པར་གྱི་དོན་ཅུང་ཟད་དང་འབྲེལ་བའི་དོན་གྱི་ངོ་བོ་སྟོན་པའི་མིང་རིགས་གཉིས་ཡོད་པ་ལས། སྔ་མ་ལ་མིང་ཚིག་ཡི་གེ་གསུམ་དུ་ཕྱེས་པའི་མིང་དང་། ཕྱི་མ་ལ་སྤྱིར་བཏང་གི་མིང་དང་མིང་ཚིག་གཉིས་མི་འགལ་བའི་མིང་དུ་འཆད་ཡོད་པ་རྣམས་ཀྱང་སྡུད་ནུས་པའི་དགེ་མཚན་ཁྱད་པར་ཅན་ཡོད་སྙམ།

དེ་ལྟར་མིང་གི་ངོ་བོ་ངོས་འཛིན་ཚུལ་ཅུང་ཙམ་བཤད་དེ། ད་ནི་མིང་ཇི་ལྟར་གྲུབ་པའི་ཚུལ་ནི་དང་ཐོག་སྤྲ་ནས་མི་རུ་གྱུར་རྗེས་ངལ་རྩོལ་གྱི་འཐབ་རྩོད་གང་མང་བརྒྱུད་དེ་སྐད་ཆ་བྱུང་། སྐད་ཆ་ལ་བརྟེན་ནས་ཡི་གེ་བྱུང་། ཡི་གེ་གཉིས་སོགས་འདུས་པ་ལས་མིང་བྱུང་བ་ལྟར། བོད་རང་གི་སྐད་ཡིག་ལྟར་ན་མིང་གྲུབ་པར་ཡི་གེ་དུ་མ་འདུས་དགོས། ལྷག་པར་དུ་མིང་འགྲུབ་པར་མེད་དུ་མི་རུང་བ་ནི་རྗེས་འཇུག་བཅུ་ཡིན་ལ། རྗེས་འཇུག་བཅུ་པོ་གང་རུང་མ་ཞུགས་ན་མིང་འགྲུབ་མི་སྲིད་པ་སློབ་དཔོན་ཐོན་མིའི་དགོངས་པ་དང་དངོས་ཡོད་ལག་ལེན་གྱི་ཁྲོད་དུའང་དེ་ལྟར་གནས་པ་ཞིག་ཡིན།  སུམ་ཅུ་པའི་རྩ་བ་ལས། རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །ཅེས་གསུངས་པ་ལྟར། སློབ་དཔོན་གྱི་དགོངས་པའི་གཏིང་ནས་རང་སྐད་ཀྱི་མིང་འགྲུབ་པའི་དོན་གནད་ཅིག་བསྟན་ཡོད་པར་སྙམ།  ཞིབ་ཏུ་བཤད་ན་མིང་འགྲུབ་བྱེད་ཀྱི་རྒྱུ་དབྱངས་གསལ་གཉིས་དང་སྔོན་རྗེས་མིང་སོགས་མང་དུ་ཡོད་ཀྱང་། དོན་དངོས་ཡི་གེ་དུ་མ་འདུས་པའི་རྒྱ་ལས་མ་འདས་པས་ཞིབ་ཏུ་བཤད་དགོས་པའི་གལ་གནད་མ་མཐོང་།

སྤྱིར་མིང་ལ་འདོད་རྒྱལ་དང་རྗེས་གྲུབ་ཀྱི་རིགས་གཉིས་ཡོད། སྨྲ་སྒོ་ལས། དེ་ཡང་མིང་གི་ཐོག་མ་དང་། །རྗེས་སུ་གྲུབ་པ་རྣམ་པ་གཉིས།། ཞེས་གསུངས་པ་ལྟར་དང་པོ་འདོད་རྒྱལ་ནི། དངོས་པོ་གང་ཞིག་(གི་ཁྱད་ཆོས་སོགས་བློ་ཡུལ་དུ་མ་བྱས་པའི་སྔོན་དུ་)གང་ཟག་གིས་ཐོག་མར་ངོས་འཛིན་ཚེ། རྒྱུ་མཚན་མེད་པར་བརྡ་གང་རུང་ཞིག་སྦྱར་བ་དེའི་མིང་དུ་ཆགས་པ། འདོད་པ་ལྟར་རྒྱལ་བར་གྱུར་པས་ན། འདོད་རྒྱལ་གྱི་མིང་དུ་གྲགས་པ་དང་། འདོད་རྒྱལ་གྱི་མིང་གང་འཚམ་ཞིག་རྗེས་སུ་བཟུང་སྟེ། དེ་ལ་འབྲེལ་ཡོད་ཀྱི་མིང་ཞིག་སྦྱར་ནས་དོན་གྱི་ངོ་བོ་གཞན་ཞིག་སྟོན་པའི་བརྡར་གྲུབ་པར་གྱུར་པ་ནི་རྗེས་གྲུབ་ཀྱི་མིང་དུ་གྲགས་སོ། །ཞེས་གསུངས་པ་ལྟར་ཡིན། མིང་འདོགས་སྟངས་ཀྱི་ཐད་ནས་ཞིབ་ཏུ་དབྱེ་ན་ནང་གསེས་མང་དུ་ཡོད། དཔེར་ན། འབྲས་མིང་རྒྱུ་ལ་བཏགས་པ། རྒྱུ་མིང་འབྲས་ལ་བཏགས་པ། བདག་གཅིག་འབྲེལ་གྱི་སྒོ་ནས་མིང་བཏགས་པ། ཡན་ལག་དང་ཡན་ལག་ཅན་གྱི་སྒོ་ནས་མིང་བཏགས་པ། སྤྱི་མིང་བྱེ་བྲག་ལ་བཏགས་པ། བརྗོད་བྱའི་མིང་རྗོད་བྱེད་ལ་བཏགས་པ། རྩོམ་པ་པོའི་མིང་བརྩམ་བྱ་བསྟན་བཅོས་ལ་བཏགས་པ། ཡུལ་དུས་གསུང་པ་པོ་དང་ཞུ་བ་པོ་སོགས་ཀྱི་སྒོ་ནས་བཏགས་པ། གབ་ཚིག་གི་སྒོ་ནས་བཏགས་པ། འདྲ་འབྲེལ་གྱི་སྒོ་ནས་བཏགས་པ། བྱ་བའི་རྣམ་འགྱུར་གྱི་སྒོ་ནས་བཏགས་པ། བཟོ་དབྱིབས་ཀྱི་སྒོ་ནས་བཏགས་པ་སོགས་མང་དུ་ཡོད་ཀྱང་འདིར་རེ་རེ་བཞིན་བཤད་པར་དགོས་གལ་ཆུང་བས་རེ་ཞིག་མི་སྤྲོའོ།། 


སྐད་བརྡ་རིག་པའི་སྤྱི་བཤད།  ཤོག་གྲངས།  ༡༡༢  གསལ།

[2] ལྕགས་ཐར་རྒྱལ་གྱི་སུམ་རྟགས། ཤོག་གྲངས།  ༡༨  གསལ།