ཚོར་བའི་བཟི་ཁ།

 

ཚོར་བའི་བཟི་ཁ།

_____མིག་མདུན་གྱི་སྲིད་ཁམས་ལ་སླར་ཡང་སྨྲས་པ།     [སྙན་ཚོམ།]

མདུན་དུ་གདའ་བའི་ས་གཞི་ནི།།

རྐང་ཆུང་སྤོ་ས་ཡིན་སོང་ན།།

རྗེས་སུ་ལུས་པའི་ང་རང་ཡང་།།

ནམ་ཞིག་འདི་ན་བརྟོལ་བར་ངེས།།

 

ལྷམ་ཀོག་རལ་བའི་སྟངས་ཀ་འདིས།།

རྐང་ལ་ཟུག་གཟེར་བརྒྱབ་སོང་ན།།

སུ་ཞིག་དྲན་པའི་ན་ཟུག་ཀྱང་།།

མིག་ཆུ་རྐང་གཅིག་ཡིན་པར་ངེས།།

 

གློག་སྙིང་གསེབ་ཀྱི་ཚ་ཤག་འདི།།

ངུ་འབོད་བྱ་སའི་གཞི་ཡིན་ན།།

ལྷ་མོ་དྲན་པའི་སྐྱོ་བ་ཡང་།།

མྱ་ངན་ཁྲོད་ཀྱི་རོལ་དབྱངས་ཉིད།།

 

ཁ་ངོ་འདར་བའི་སྙན་ངག་པ།།

ཚོར་བ་ཆང་ལྟར་མངར་བཞག་ན།།

དུ་འཐེན་རྒན་པོའི་ངོ་གདོང་ཡང་།།

རབ་རིབ་ཁྲོད་ཀྱི་ན་བུན་ཡིན།།

 

སྐྲ་ལོ་ནག་པའི་རྒྱབ་གཟུགས་དེ།།

སྨན་ཆུང་བུ་མོ་ཡིན་ཟེར་ན།།

གདོང་ན་བསྐོས་བའི་མིག་ཤེལ་ཡང་།།

འོད་ཀྱིས་འཁྱུད་པའི་མེ་ལོང་ཡིན།།

 

སྣང་བར་འཁྲུལ་བའི་རྟོགས་པ་དེ།།

སངས་ཀྱི་ཆ་ཤས་ཡིན་ཙ་ན།།

རྨི་ལམ་ནང་གི་ཀེང་རུས་ཀྱང་།།

ཁྱེད་ཀྱི་ཚིག་རྐང་ཡིན་པར་ངེས།།

 

བསླུ་བྲིད་འཛུམ་པའི་བརྙན་རིས་དེ།།

རང་གི་ངོས་ནས་གྲུབ་བཞག་ན།།

གདོང་འབག་གྱོན་པའི་ཨ་མ་ཡང་།།

གང་ཉིད་མདུན་ན་སྲས་མོ་ཡིན།།

___༢༠༡༣་་་༦་་༡་ཉིན་ཆར་བ་ཤག་ཤག་ཏུ་འབབ་བཞིན་པའི་དབྱར་གཞུང་ཞིག་སྟེ་འདུ་ཁང་གི་ནང་རོལ་ན་བླ་མའི་ངན་ངག་རྣ་རུ་ཉན་ཞོར་རྣམ་ཤེས་ཡོད་ཚད་སྲིད་ཁམས་ལ་ཕྱོགས་ཀྱིན་སྙན་ངག་མ་ཡིན་པའི་ཚིགས་སུ་བཅད་པ་འགའ་འདི་ལྟར་ཐོལ་གྱིས་བཞུར་རོ།