བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས།
ཕྱི་ཟླ་༥ ཚེས་༢༧ ནས་ཉིན་དྲུག་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྔ་བསྣུར་བྱས་ཏེ། དྷ་སར་འཚོགས་པ་དང་། ཟླ་འདིའི་ཚེས་༡ ཉིན་སྐབས་བཅོ་ལྔ་པའི་དབུས་རྒྱུན་གསར་འདེབས་དང་། ཚོགས་འདུ་མཇུག་བསྒྲིལ་ཡོད་པ་རེད།
ཟླ་འདིའི་ཚེས་༡ ཉིན་གཞོན་ལྷན་གྱི་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་གྲོས་ཆོད་ཁག་གཏན་འབེབས་བྱས་པ་དང་། ཕྱི་དྲོ་སྐབས་༡༥ པའི་དབུས་རྒྱུན་གསར་འདེབམས་བྱས་ཏེ། ཚོགས་གཙོ་ཨ་རིའི་མེ་ནེ་སོ་ཊ་ནས་ཡོང་བའི་བསྟན་འཛིན་འཇིགས་མེད་ཚོགས་གཙོ་དང་། བལ་ཡུལ་ནས་ཡོང་བའི་རྟ་མགྲིན་སྲིད་ཆོས་ཚོགས་གཞོན། བསྟན་འཛིན་ལམ་བཟང་དྲུང་ཆེར་འོས་འདེབས་བྱས་ཡོད་པ་རེད།
དེ་མིན་གྱི་རྒྱུན་ལས་ནི་བཀྲ་ཤིས་དོན་གྲུབ་དང་། ངག་དབང་བློ་བཟང་། བསྟན་འཛིན་བརྩོན་འགྲུས། ཡེས་ཤེས་བསྟན་འཛིན། ཚེ་དབང་སྒྲོལ་མ། ཉི་མ་ཆོས་འཛོམས། བསྟན་འཛིན་དབང་ཕྱུག་བཅས་ཡིན་པ་རེད།
ཚོགས་གཙོ་གསར་པ་བསྟན་འཛིན་འཇིགས་ཀྱིས་ཁོང་ཐོག་མར་ཚོགས་ཆེན་དེ་གལ་ཆེན་དུ་བརྩིས་ཏེ། ཨ་རི་ནས་ཚོགས་གཅར་ཞུས་པ་ལས། འདིར་སྡོད་རྒྱུའི་དམིགས་ཡུལ་མེད་ནའང་། ད་ལྟ་གཞོན་ལྷན་ལ་དཀའ་ངལ་ཡོད་པའི་སྐབས་འདིར། རྒྱུན་ལས་ལ་འོས་འདེབས་བྱས་པ་དེ་འགན་མ་ཁུར་བར་དགོངས་པ་ཞུས་པ་མི་འགྲིག་སྐོར་དང་། ཁོང་གིས་གཞོན་ལྷན་གྱི་དམིགས་ཡུལ་ལངས་ཕྱོགས་ལྟར་བོད་རང་བཙན་འཐབ་རྩོད་ཆེད་ལས་དོན་བྱེད་རྒྱུ་དང་། ༧སྐྱབས་མགོན་པོ་ཆེ་བོད་ལ་གདན་འདྲེན་ཞུ་ཐུབ་ཆེད་དུ་ལས་དོན་བྱེད་རྒྱུ་ཡིན་པ་དང་། ཚོགས་མི་ཚང་མ་མཉམ་རུབ་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།
ཐེངས་འདིའི་ཚོགས་ཆེན་ས་གནས་བརྒྱད་ཀྱི་ཚོགས་མིས་༧གོང་ས་མཆོག་གི་དགོངས་གཞི་ལྟར་གཞོན་ལྷན་གྱི་ལངས་ཕྱོགས་དབུ་མའི་ལམ་དུ་སྒྱུར་དགོས་སྐོར་བརྗོད་ཡོད་ནའང་། ཚོགས་ཞུགས་པའི་ཁྲོད་ལངས་ཕྱོགས་རང་བཙན་སྒྱུར་མི་དགོས་པར་ཚད་མཐོའི་མང་མོས་ཡོད་པ་རེད། དེར་བརྟེན་ས་གནས་བརྒྱད་ཀྱི་ཚོགས་མི་༣༤ ཡིས་ངོས་ལེན་མ་བྱས་པར་ཚོགས་ཞུགས་པའི་ཁྲོད་ནས་ཕྱིར་འཐེན་བྱས་ཏེེ། ད་ལྟའི་འོས་བསྡུའི་ནང་དུ་ཡང་ཞུགས་ཐུབ་མེད་པ་རེད།
ཐེངས་འདིའི་ཚོགས་ཆེན་ཐོག་དགའ་ལྡན་ཕོ་བྲང་དུ་སྙན་ཞུ་ཞིག་ཕུལ་བ་དང་འབྲེལ་གྲོས་ཆོད་དོན་ཚན་དང་པོ་དེ་མ་ཤེས་པའི་དབང་གིས་༧གོང་ས་མཆོག་གི་ལྷ་དགོངས་འཁྲུག་པའི་རིགས་དགོངས་སེལ་ཞུ་རྒྱུ་དང་། དོན་ཚན་གཉིས་པ་སྦིིར་ས་གནས་སུ་གཞོན་ལྷན་འགན་འཛིན་ལྷན་ཚོགས་ཀྱི་སྐབས་བཞག་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་རང་བཙན་ལ་སྒྱུར་དགོས་ཀྱི་ འདུག་ཅེས་པའི་གྲོས་ཆོད་དེ་ཕྱིར་འཐེན་བྱ་རྒྱུ། གསུམ་པ་དེ་གཞོན་ནུའི་ལངས་ཕྱོགས་རང་བཙན་ཡིན་པའི་ཐོག་ནས་འབྱུང་འགྱུར༧གོང་ས་ མཆོག་གི་བཀའ་དགོངས་ལྟར་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་པ་གསུམ་ཡིན་པ་རེད།
དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཟམ་གདོང་རིན་པོ་ཆེས་ཕྱི་ཟླ་༥ ཚེས་༣༡ ཉིན་ཚོགས་ཆེན་ཐོག་བཀའ་སློབ་གསུང་བཤད་ལས་འཕྲོས་པའི་ཟུར་གནོན་གྲོས་ཆོད་ཁག་ཅིག དེ་བཞིན་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་གྲོས་ཆོད་ཁག་བཅས་གཏན་འབེབས་བྱས་ཡོད་པ་རེད།
གྲོས་ཆོད་ཁག་རྗེས་སུ་འགོད་རྒྱུ་ཡིན།