དེ་རིང་གི་སེམས་ཚོར།
གནས་རྡ་སའི་རི་ལ་སླར་ཡང་སླེབས།།
ངའི་སྙིང་ཆུང་གསོན་པོ་གངས་ན་འཐིམ།།
ཁྱོད་བླ་མའི་གདམས་པ་སེམས་ལ་བཟུང་།།
ངའི་དེང་སྐབས་བྱ་བ་དགའ་བདེའི་དཔལ།།
ངས་གྲོགས་བཟང་ལྷན་དུ་ཁྲོམ་ལ་སོང།།
ཡིད་དགའ་བའི་གནའ་གཏམ་ལྷུག་ལྷུག་བཤད།།
དུས་འབྱུང་འགྲུར་ཕུགས་བསམ་ཤོད་རིས་བྱས།།
དུས་དེ་རིང་དགའ་ལ་སྐྱིད་ཡང་སྐྱིད།།
རི་མཐོན་པོའི་གངས་དཀར་ཞུར་ལ་ཉེ།།
ངའི་ཁ་བའི་རིགས་བརྒྱུད་ཆད་ལ་ཉེ།།
ངའི་མིག་ཆུའི་ཞུར་རྒྱུན་དྲག་ཏུ་སོང།།
ངའི་ཕ་ཡུལ་དྲན་གདུང་རླབས་བཞིན་འཕྱུར།།
གནས་འདི་ན་མི་འདུག་རྒྱྱང་ལ་འགྲོ།།
ངའི་ཕ་ས་ཕ་ཡུལ་ཕྱོགས་ལ་འགྲོ།།
བོད་ལ་རྒྱའི་གླུ་དབྱངས་ལེན་བཞིན་འགྲོ།།
མགོན་དཀོན་མཆོག་གསུམ་ལ་སྨོན་བཞིན་འགྲོ།།
སྤྲིན་ལང་ལོང་འཁྲིགས་པའི་ཀློང་ཡང་ནས།།
འབྲུག་སྔོན་མོས་ངར་སྐད་སྒྲོག་ཀྱང་རུང།།
བཙན་དྲག་ཆར་རླུང་འཚུབ་ཆེ་ཡང་རུང་།།
ང་མི་འདུག་ཁ་བའི་ལྗོངས་ན་འགྲོ།།
ངའི་མེས་པོའི་རྐང་རྗེས་འཚོལ་དུ་འགྲོ།།
ངའི་ཕུ་ནུའི་སྐུ་ཕུང་མཇལ་དུ་འགྲོ།།
ཤུལ་ཀ་མས་གསུམ་བཅུ་བཀླག་དུ་འགྲོ།།
ང་མི་འདུག་ཇོ་བོའི་གམ་ན་འགྲོ།།
ངའི་ཕ་མའི་མིག་ཆུ་དབྱི་རུ་འགྲོ།།
ངའི་སྲེང་མོའི་དྲན་གདུང་བསལ་དུ་འགྲོ།།
ངའི་སྤུན་ཟླའི་སྐྱོ་གདུང་ཉན་དུ་འགྲོ།།
ང་མི་འདུག་ཆོལ་ཁ་གསུམ་ན་འགྲོ།།
ངའི་བཙན་པོའི་བླ་མཁར་མཇལ་དུ་འགྲོ།།
ངའི་བཙན་པོའི་རྡོ་རིང་བཀླག་ཏུ་འགྲོ།།
ངའི་སྒོ་ཕྱུགས་ཁྱུ་ཚོས་བསྐྱང་དུ་འགྲོ།།
ང་མི་འདུག་གངས་རིའི་དབུས་ན་འགྲོ།།
གནས་འདི་ནས་ལ་རྒྱ་འཆི་ལ་ཉེ།།
གནས་འདི་ནས་ཕུགས་བསམ་ཡལ་ལ་ཉེ།།
གནས་འདི་་ནས་དྲན་པ་གཡེང་ལ་ཉེ།།
ང་མི་འདུག་ཕ་ནུའི་གམ་ན་འགྲོ།།