༄། བོད་དོན་ཆབ་སྲིད་སྐོར་ལ་རྩོམ་ཡིག་གྱི་ལམ་ནས་འབྲེལ་མཚམས་བཅད་པ་ཡིན། །
བདག་ལ་མཚོན་ན་བོད་གངས་ཅན་གྱི་ལྗོངས་སུ་སྐྱེས་ཤིང་བོད་གངས་ཅན་པ་ལ་ཧ་ཅང་དུང་སེམས་ཆེ་བ་དང་། བོད་གངས་ཅན་གྱི་ཡུལ་ནས་མཚར་ལོངས་བྱུང་བའི་བོད་མི་རྣལ་མ་ཞིག་ཡིན་པས་ཆ་ནས་དང་། ལྷག་པར་དུ་རང་རིགས་སྤུན་ཟླ་མི་ཉུང་བ་ཞིག་གིས། ཆོད་སེམས་བརྟན་པོའི་ངང་སྐུ་ལུས་མེར་སྲེག་གྱིས་ལས་འགུལ་སྤེལ་བ་ནས་བཟུང་། སོ་སོའི་ལུས་ཀྱི་ཐོག་ཏུ་དངོས་སུ་མྱོང་མེད་ནའང་སེམས་ཀྱི་གཏིང་ནས་སྐད་ཅིག་ཙམ་ལའང་བཟོད་སྒོམ་མི་ཐུབ་པའི་གནས་སྟངས་དེའི་འོག་ནས། མིག་གིས་མཐོང་ཡང་མ་མཐོང་ཁུལ་དང་།
རྣ་བས་ཐོས་ཀྱང་མ་ཐོས་ཁུལ་བྱེད་མ་ཐུབ་ཁར། ད་དུང་ཕྱི་ཕྱོགས་ནས་ལས་འགུལ་ཚབ་ཆེན་དེ་ནུས་མེད་རོ་མེད་ཅིག་ཏུ་གཏོང་བཞིན་པ་སོགས་ཀྱི་རྐྱེན་བྱས་ནས། ད་བར་སྐུ་ལུས་མེར་སྲེག་དང་བོད་དོན་གནས་སྟངས་སྐོར་ལ་སྔ་ཕྱི་མདུན་རྒྱབ་ཚང་མ་ལ་ཞིབ་འཇུག་གཏིང་ཟབ་ཅིག་དང་མཉམ་དུ། མཐོ་དམན་གང་ལ་ཡང་ཕྱོགས་ཞེན་དང་ངོ་བསྟོད་མ་འཁྲབ་པའི་སྒོ་ནས། གནས་ལུགས་རྒྱུ་མཚན་ཡང་དག་པ་ཞིག་ཁྱེར་ནས། ཐེར་འདོན་བྱས་ཏེ་དྲང་བདེན་གྱི་དཔྱད་གཏམ་རྩོམ་ཡིག་རེ་འབྲི་ཁུལ་བྱས་པའི་ཉིན་མོ་དེ་ནས་བཟུང་སྟེ། བརྒྱུད་ཐག་མི་རིང་བའི་བདག་གི་གཉེན་ཚན་རེ་དང་ཕ་ཡུལ་གཅིག་པའི་ངོ་ཤེས་པ་དང་ངོ་མི་ཤེས་པའི་མི་ཁ་ཤས་ཤིག་ལ་ཡང་ཅལ་འདྲོག་གྱི་དོགས་གཞི་དང་དོ་ཕོག་བྱུང་བ་མ་ཟད། གཉེན་ཉེ་དེས་ཀྱང་བདག་ལ། གལ་ཏེ་ངས་མུ་མཐུད་དུ་རྒྱལ་བ་རིན་པོ་ཆེའི་གཙོར་བྱས་ཐོག་བོད་དོན་དང་འབྲེལ་བའི་སྒང་ལ་དཔྱད་གཏམ་དང་རྩོམ་ཡིག་སྤེལ་བ་ཡིན་ན། ཁོས་རྗེས་ཕྱོགས་ནས་ང་ལ་འབྲེལ་ལམ་གཅོད་ཀྱི་ཡིན་ཟེར་ནས། ད་བར་ངེད་གཉིས་ཕན་ཚུན་བར་ལ་འབྲེལ་ལམ་ཆད་ནས་ལོ་གཅིག་ལྷག་ཙམ་ཕྱིན་སོང་། ཕ་ཡུལ་གཅིག་པའི་མི་ཁ་ཤས་དང་མཉམ་དུ་ཡང་འཕྲིན་ཕྲན་ཚོགས་པ་བརྒྱུད་ནས། རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱེད་ཀྱི་འདུག་ཟེར་བའི་རྩོད་གླེང་ཞིག་གི་སྐོར་ལ་དོགས་ཕུད་རེ་ཡང་བྱེད་དགོས་ཐུག་པ་མ་ཟད། ཁོ་ཚོས་ཡང་ང་ལ་རྗེས་ཕྱོགས་རྩོམ་ཡིག་མི་འབྲི་བའི་འབོད་བསྐུལ་དང་གལ་ཏེ་འབྲི་ནའང་རྒྱལ་བ་རིན་པོ་ཆེ་དང་བོད་དོན་ཐད་མི་འབྲི་བའི་རེ་འདུན་ཡང་འདོན་མྱོང་། དེ་དང་ལྷན་ཅིག་བདག་གི་སྙིང་ཉེ་བའི་གྲོགས་པོ་མཁན་པོ་དང་སྤྲུལ་སྐུ། དགེ་བཤེས། སློབ་དཔོན་སོགས་སྐྱེས་བུ་དམ་པ་མང་པོ་ཞིག་གིས་ཀྱང་། ཆབ་སྲིད་སྐོར་ལ་དོ་སྣང་མི་བྱེད་པས་བསྐུལ་མ་རིང་ཐུང་མང་པོ་ཞིག་དུས་ཡུན་སྔ་ཕྱི་བར་གསུམ་ལ་གནང་བྱུང་བ་མ་ཟད། མཚམས་མཚམས་སུ་བདག་ལ་གློ་བ་ཉེ་བའི་མཆེད་གྲོགས་རྒན་པ་ཁ་ཤས་ཀྱིས་བཀའ་བཀྱོན་ཡང་མང་པོ་གནང་བྱུང་། ཡིན་ནའང་། བདག་གིས་བོད་མི་རིགས་ལ་བཅིང་བའི་ལྷག་བསམ་རྣམ་དག་དང་དྲང་བདེན་དཔུང་ལ་བཙུག་ནས། ད་ལྟའི་ཛ་དྲག་སྐུ་ལུས་མེར་སྲེག་གྱིས་ལས་འགུལ་དེ་མཚམས་འཇོག་དང་། མེར་བསྲེགས་ཚར་བ་རྣམས་ལ་གྲུབ་འབྲས་དང་ནུས་པ་ཅང་ཟད་རེ་ཐོན་ཐབས་དང་། བོད་ཀྱི་ཆེས་ཐབས་སྐྱོ་བའི་སྒྲིག་འཛུགས་གནས་སྟངས་དེའི་ཁ་ཕྱོགས་དང་ལམ་ཕྱོགས་ལ་འགྱུར་བ་རེ་འགྲོ་ཐབས་དང་། མ་འོངས་བོད་མི་རིགས་ཀྱི་ཕུགས་རྒྱང་རིང་བོའི་འདུན་ལམ་སོགས་ལ་དམིགས་ཏེ་དྲང་བདེན་དང་འབྲེལ་ནས་གནས་ལུགས་ངེས་ཅན་གྱི་སྐད་ཆ་རེ། རྒྱབ་རྟེན་ཁུངས་ལུང་དང་རྒྱུ་མཚན་ཡང་དག་གྱི་སྒོ་ནས་བཤད་པ་མ་གཏོགས། གཞན་བོད་མིའི་སྒྲིག་འཛུགས་དང་གོང་ས་རྒྱལ་བ་རིན་པོ་ཆེ་སོགས་ལ་སྔ་རྒོལ་དུ་བླངས་ནས་སྒེར་འཁོན་ཞིག་རྩོད་རྒྱུ་གཏན་ནས་མེད་ལ། བརྩད་པ་ཡང་རྩ་བ་ནས་མིན་ནོ། དེ་མིན་མི་རིགས་ཤིག་གི་ལས་དོན་ཐད་སྐད་ཆ་རེ་བཤད་དགོས་ན་ནི། དེ་དང་དེར་སུ་དང་སུ་ལ་འབྲེལ་བ་ཡོད་རིགས་ཀུན་ལ་དཔྱད་ཞིབ་དང་། ཁུངས་ལུང་དང་ལྡན་པའི་གནས་ལུགས་རྒྱུ་མཚན་དག་འཚོལ་ཞིབ་བྱེད་དགོས་པ་མ་གཏོགས། གཞན་མིག་ཡ་གཅིག་བཙུམ་ནས་མིག་ཡ་གཅིག་པོས་གཡས་ཕྱོགས་ལ་མི་ལྟ་བར་གཡོན་ཕྱོགས་རྐྱང་པ་ལ་ལྟ་མི་ཉན་པ་དེ་ཡང་དྲང་བདེན་གྱི་གཤིས་ཀ་ཞིག་ལོས་ཡིན། དེ་དང་འབྲེལ་བའི་རིགས་སུ་གཏོགས་པ་ལ་ནི་དེ་དང་མཐུན་པའི་སྐད་ཆ་རེ་བཤད་ལོས་དགོས་སྙམ། དེ་མིན་སྐབས་འཚོལ་རིང་ལུགས་པ་ཁ་ཤས་ཀྱིས་རྟག་ཏུ་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་སོགས་བེད་སྤྱོད་ལོག་པར་བཏང་ནས། རང་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ། རང་དང་ལྟ་ཕྱོགས་མི་མཐུན་པའམ་རང་ལ་གོ་སྐབས་གཞན་ཞིག་མཆིས་ཚེ་ཕར་ཕྱོགས་ལ་དོལ་རྒྱལ་དང་། རྒྱ་མིའི་མྱུལ་མ་དང་ལྷ་དགོངས་དཀྲུག་མཁན་སོགས་ཅ་ཅོ་འདོན་པ་ལ་ནི། བདག་གིས་དོ་སྣང་དང་དོགས་གཡེངས་དེ་ཙམ་བྱེད་མ་མྱོང་ལ་བྱེད་དགོས་དོན་ཡང་མི་འདུག །མཐར་བོད་མིའི་སྤྱི་ཚོགས་འདི་ལ་མཚོན་ན་རིག་གནས་ཀྱི་གོ་རྟོག་བདེན་ཞིང་། རྨོངས་དད་དང་མཁྲེགས་འཛིན་ཅན་ཁ་ཤས་ཀྱིས་ཐོབ་ཐང་དང་གོ་ས་ཤིག་གི་ཆེ་མཐོང་ཙམ་སྐྱོང་བ་མ་གཏོགས། བདེན་པ་དང་གནས་ལུགས་གཤའ་མ་ཞིག་གི་དོན་གོ་མི་ཆོད་པ་འདི་ཤེས་རྗེས། ད་ནི་ང་ཚོ་བོད་གངས་ཅན་པ་འདི་གནའ་ནས་ད་བར་དུ་རྒན་གཞོན་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བཤད་བཞིན་ཡོད་པའི། ཚེ་སྔོན་གྱི་ལས་དབང་གཉན་པོ་ལ་བཅོལ་བ་ལས། གཞན་ཚེར་མའི་ལམ་ཁ་རྐྱང་མ་གཏོགས་མ་མཐོང་བས་ན། ངས་རེ་ཞིག་བོད་དོན་དང་འབྲེལ་བའི་དཔྱད་བརྗོད་དང་རྩོམ་ཡིག་སོགས་འབྲི་མཚམས་བཞག་པ་ཡིན། ད་ནས་བཟུང་སྟེ་བདག་ལ་མཚོན་ན། བོད་གངས་ཅན་པ་ཞེས་པ་ཞིག་བྱུང་མྱོང་བ་ལས། གསོན་ཡོད་མེད་དང་གནས་ཐུབ་མིན་ལ་རེ་དོགས་དང་རྣམ་རྟོག་གང་ཡང་བྱེད་ཀྱི་མིན། རྒྱལ་ཁབ་གཞན་དང་མི་རིགས་གཞན་དག་ཕན་ཚུན་བར་ལ་ནི། ད་དུང་ཆབ་སྲིད་ཡིན་མིན་གང་རུང་གི་སྒོ་ནས་སྐད་ཆ་རེ་བཤད་མིན་ལ་ནི་ང་རང་ལ་མ་གཏོགས་གཞན་སུ་ལའང་ཇུས་གཏོགས་མི་འདུག་སྙམ། ངས་ཡང་དེ་ལ་གསལ་བཤད་བྱས་མེད་ལ་བྱེད་ཡང་ཅི་དགོས། བོད་དོན་ལ་ནི་ད་ནས་བཟུང་སྟེ་བདག་ཡིད་སེམས་གཏིང་ནས་ཆད་ཅིང་དགོངས་པ་རྩ་བ་ནས་ཞུས་པ་ཡིན། བདག་ལྟ་བུའི་དམན་པ་ཐ་ཤལ་བ་ཞིག་ལ་ཚོར་སྣང་དེ་དང་ཡིད་ཆད་འདི་བྱུང་བ་ནི་དེ་ཙམ་ཧ་ལས་དགོས་དོན་ཅི་མི་འདུག་ནའང་། བོད་མི་མི་ཉུང་བ་ཞིག་ལ་གནས་སྟངས་འདི་ལྟ་བུའི་འོག་ནས། ཚོར་སྣང་འདི་ལྟ་བུ་རེ་འཕྲད་ཏེ་ཡིད་སེམས་གཏིང་ནས་ཆད་པ་ཞིག་བྱུང་བའམ་འབྱུང་མི་སྲིད་པ་མིན་པའི། གྲངས་ཀ་གཅིག་བརྩིས་ནས་བརྒྱ་དང་། ནས་འབྲུ་གཅིག་བསགས་ནས་སྒྲོ་བ་གང་ཟེར་བ་ལྟར། དེས་ན་བོད་མི་རིགས་ལ་འཕྲད་པའི་ཉེན་ཁ་འདི་ཧ་ཅང་ཛ་དྲག་ཅན་གྱི་གནས་སྟངས་ཤིག་ལ་སླེབས་ཡོད་མེད་དེ་ཡང་། ཤེས་ལྡན་དང་དཔྱོད་ལྡན་རྣམ་པས་ཐུགས་བསམ་གཟབ་གཟབ་རེ་བཞེས་དགོས་ཡོད་མེད་ཐད། སོ་སོ་ལ་སོ་སོས་འདྲི་བ་འདོན་མིན་དེ་ཡང་ངས་རེ་བསྐུལ་དང་འབོད་བསྐུལ་རྩ་བ་ནས་ཞུ་འདོད་མེད། མདོར་ན་འདིར་ངས་ཆབ་སྲིད་མི་བཤད་ཅེས་ཁས་ལེན་ནི་ཅི་ཡང་བྱེད་ཀྱིན་མེད་ལ། སྤྱི་ཟླ་ལྔ་པའི་ཚེས་ཉི་ཤུ་དགུ་ནས་བཟུང་ངའི་བོད་དོན་དང་འབྲེལ་བའི་རྩོམ་ཡིག་འབྲི་མཚམས་བཞག་པ་ཡིན་ཞེས་པ་དང་། དེ་ལ་ངས་༼དེ་རིང་ནས་བཟུང་༽ཞེས་པ་དང་ཁར་སང་ཤོ་ལོ་ཀ་གཉིས་བཅས་བྲིས་ནས་གདོང་དེབ་མདུན་ལ་བཞག་ཚར་བ་ཡིན། བོད་དོན་དང་འབྲེལ་བའི་དཔྱད་རྩོམ་དག་འབྲི་མཚམས་བཞག་པའི་སྐྱོ་གཏམ་ཐ་མ་ནི་དེ་རིང་བཤད་པ་ཙམ་ཡིན། ཡིན་ནའང་ད་བར་དུ་རང་འགན་རང་གིས་ཁུར་ནས་བོད་ཀྱི་ལོ་རྒྱུས་ལ་དཔྱད་བརྗོད་དང་། དྲང་བདེན་གྱི་སྒོ་ནས་བོད་པའི་ཆབ་སྲིད་པ་ལ་ཁ་ཤས་ལ་བསྔགས་བརྗོད་དང་། ཁ་ཤས་ལ་སྐྱོན་བརྗོད་ཀྱི་ལམ་ནས་རྩོམ་ཡིག་སྤེལ་བ་དག་ནི་བདག་ལ་མཚོན་ན་ང་རང་གི་རྒྱལ་རབས་ལོ་རྒྱུས་ཤིག་ཡིན་ལ། དྲང་བདེན་དང་གནས་ལུགས་རྒྱུ་མཚན་འཚོལ་བའི་ངའི་ལམ་ཁ་རྙིང་པ་ཡང་དེ་ཡིན། ༠༦/༠༡/༢༠༡༣ ༄། དེ་རིང་ནས་བཟུང་།། རང་བཙན་བརྩད་ན་བླ་མའི་ཐུགས་དང་འགལ། དབུ་ལམ་བཤད་ན་ལས་འབྲས་བདེན་པར་འགལ། དེ་རིང་ནས་བཟུང་བདག་ནི་འདི་གཉིས་ཀའི། ལྟ་གྲུབ་གང་ཡང་མི་འཛིན་ཨ་རི་བ། ། སྒྲིག་འཛུགས་ཕྱོགས་ལ་ཞེན་པ་གཏིང་ནས་ལོག གཞོན་ནུའི་ཕྱོགས་དེར་སྙིང་རྗེ་ཤ་ཚ་ཡང་། དེ་རིང་ནས་བཟུང་བདག་ནི་འདི་གཉིས་ཀའི། ཕྱོགས་འཛིན་མི་བྱེད་བཏང་སྙོམས་ཨ་རི་བ། ། རྒྱ་མིར་བལྟས་ན་གཅིག་ལས་གཅིག་འཇོན་ཞིང་། བོད་མིར་བརྟགས་ན་གཅིག་ལས་གཅིག་ཞན་ཡང་། དེ་རིང་ནས་བཟུང་བདག་ནི་རྒྱ་བོད་ཀྱི། མི་རིགས་བཟང་ངན་མི་འབྱེད་ཨ་རི་བ། ། ༠༥/༢༩/༢༠༡༣ སྒྲིག་གཞོན་སུ་རྒྱལ་ང་ལ་ཁྱད་པར་མེད། དབུ་རང་གང་མཛད་ང་ལ་ཇུས་གཏོགས་མེད། རྒྱ་བོད་སུ་ཡིན་ངས་ནི་དབྱེ་མི་འབྱེད། ད་ནི་རེ་དོགས་མེད་པར་བཏང་སྙོམས་སོ། ། ཆབ་སྲིད་མི་བཤད་ངས་ནི་མི་ཟེར་ཡང་། ཕན་མེད་གནོད་མང་ལས་ལ་ང་མི་འཇུག ། རྩོམ་ཡིག་མི་སྤེལ་ངས་ནི་མི་ཟེར་ཡང་། དབུ་རང་ནང་ཁུལ་དཔྱད་གཏམ་ངས་མི་སྤེལ། ། ༠༥/༣༡/༢༠༡༣
