གངས་དཀར་རི་བོ་དུས་དེབ་ཁང་གི་རྩོམ་པ་པོའི་ཚོགས་འདུ།

<<གངས་དཀར་རི་བོ>>་དུས་དེབ་རྩོམ་སྒྲིག་ཁང་གི་སྐབས་བཞི་པའི་རྩོམ་པ་པོའི་ཚོགས་འདུ་དེ་ཕྱི་ལོ་༢༠༡༣ ལོའི་ཕྱི་ཟླ་༥ པའི་ཚེས་༢༠ ནས་༢༥ བར་རྒྱ་ནག་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཧྲི་མེ་རྫོང་རི་བོ་ཏ་ཀང་ལ་འཚོགས་ཡོད་ཅིང་། བོད་ཀྱི་ས་ཕྱོགས་ཁག་ནས་ཆེད་དུ་ཕེབས་པའི་ཁམས་ཁུལ་གྱི་ན་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་༣༠ ལྷག་ཐེངས་འདིའི་རྩོམ་པ་པོའི་ཚོགས་འདུའི་སྟེང་ཞུགས་ཏེ། རྩོམ་རིག་གསར་རྩོམ་དང་བརྩམས་ཆོས་དར་སྤེལ། གསར་རྩོམ་ཉམས་མྱོང་བཅས་ཀྱི་ཐོག་ལ་བགྲོ་གླེང་བྱས་ཡོད་པ་མ་ཟད། བརྩམས་ཆོས་ལ་དཔྱད་བརྗོད་སྤེལ་རེས་དང་སྙན་ངག་གྱེར་འདོན་སོགས་བྱས་ཏེ་ཉིན་ལྔའི་རིང་རྩོམ་རིག་སྒྱུ་རྩལ་གྱི་ལྷན་འཛོམས་ཤིག་འཚོགས་ཡོད་པ་རེད།

གཤམ་དུ་ཚོགས་ཞུགས་རྩོམ་པ་པོ་དང་སྙན་པ་འགའ་ཞིག་གི་གསུང་བཤད་ཀྱི་སྙིང་དོན་མདོར་བསྡུས་ཙམ་བཀོད་ན།

དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་རྒྱུན་ལས་ཀྱི་དྲུང་གཞོན་རྩོམ་པ་པོ་སྐལ་བཟང་འགྱུར་མེད་ཀྱིས་གསུང་བཤད་གནང་སྐབས་བརྗོད་དོན། “ཐེངས་འདིའི་རྩོམ་ཚོགས་ཀྱི་དམིགས་ཡུལ་ནི་ཁམས་པའི་རྩོམ་པ་པོ་རྣམས་མཉམ་དུ་འཛོམས་ཏེ་བརྩམས་ཆོས་ལ་ལྟ་ཀློག་དང་། གསར་རྩོམ་གྱི་ཐད་བགྲོ་གླེང་། རྩོམ་སྒྲིག་གི་ཉམས་མྱོང་སྤེལ་རེས་བཅས་ཀྱི་སྒོ་ནས་ཁམས་པའི་རྩོམ་པ་པོ་རྣམས་ཀྱི་གསར་རྩོམ་གྱི་ནུས་པ་དང་རྩོམ་སྒྲིག་གི་འཇོན་ཐང་མཐོ་རུ་འདེགས་པའི་ཆེད་དུ་ཡིན། ང་རང་གི་གསར་རྩོམ་གྱི་མྱོང་ཚོར་ལ་བརྟེན་ནས་བཤད་ན།  གཅིག་ནས་དམིགས་ཡུལ་གསལ་པོ་ཞིག་དང་ཀུན་སློང་གཙང་མ་ཞིག་དགོས། རྩོམ་རིག་ལ་དགའ་ཞེན་ཆགས་ཏེ་གསར་རྩོམ་ལ་ཞུགས་པའི་མི་ཞིག་ཡིན་ན། ཐོག་མར་གསར་རྩོམ་གྱི་དམིགས་ཡུལ་ངེས་གཏན་དང་ཡང་དག་པ་ཞིག་དགོས། དེ་ནི་གཙོ་བོ་ཀུན་སློང་བཟང་ངན་ལ་རག་ལས།  ཀུན་སློང་བཟང་པོ་ཞིག་གིས་གསར་རྩོམ་གྱི་ལམ་ཡང་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་འགྲོ་ཐུབ། གལ་སྲིད་གསར་རྩོམ་ལ་ཞུགས་པ་ནི་མིང་དོན་གྱི་ཆེད་དུ་ཡིན་ན་འབྲས་བུ་ཅི་ཡང་སྨིན་མི་ཐུབ། གཉིས་ནས་ཁ་ཕྱོགས་གསལ་པོ་ཞིག་དགོས། གསར་རྩོམ་ནི་མ་འོངས་པ་དང་འཛམ་གླིང་ལ་ཁ་ཕྱོགས་དགོས། གུ་དོག་ཨུ་ཚུགས་ཀྱི་བསམ་བློ་ལས་ཕུལ་བྱུང་གི་བརྩམས་ཆོས་ཤིག་སྨིན་མི་སྲིད་པས་རྩོམ་པ་པོ་ཞིག་ཡིན་ན་མཐོ་ས་རུ་ལངས་ཏེ་རྒྱང་ས་རུ་ལྟ་དགོས་པ་དང་། ཡང་དག་པའི་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ་ཡིས་བདེན་བཟང་མཛེས་གསུམ་རྣམས་སྒྱུ་རྩལ་གྱི་ལམ་ནས་ཕྱི་ནང་གི་མི་རྣམས་ཀྱི་མདུན་དུ་བཀྲམ་ན་གཞི་ནས་མིང་དོན་མཚུངས་པའི་རྩོམ་པོ་ཞིག་ཆགས་ཐུབ། གསུམ་ནས་རྒྱུད་འཛིན་དང་གསར་གཏོད་ཟུང་དུ་སྦྲེལ་དགོས། རྩོམ་རིག་ནི་མིའི་རིག་པ་ཞིག་ཡིན་པས་རྩོམ་པ་པོ་རྣམས་དམངས་ཁྲོད་དུ་ཞུགས་ནས་གསར་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་དང་། སྲོལ་རྒྱུན་གྱི་རྩོམ་ཐབས་ལ་ལོབས་དགོས་ཤིང་འཛམ་གླིང་རྩོམ་རིག་ལ་སློབ་སྦྱོང་བྱས་ཏེ་གསར་རྩོམ་རང་བཞིན་ལྡན་པའི་བརྩམས་ཆོས་སྨིན་པ་ལ་འབད་པ་བྱེད་དགོས།”

དེ་བཞིན་སྙན་ངག་པ་དང་གངས་དཀར་རི་བོའི་རྩོམ་སྒྲིག་པ་ནད་མེད་ཕུན་ཚོགས་ཀྱིས་རྩོམ་རིག་གསར་རྩོམ་དང་འབྲེལ་བའི་སྐོར་གསུང་བཤད་གནང་རྒྱུར། “རྒྱ་ཆེའི་རྩོམ་པ་པོ་རྣམས་ཀྱི་དྲིན་ལ་བརྟེན་ནས་གངས་དཀར་རི་བོ་དུས་དེབ་ཀྱི་འགྲོ་ལམ་ནི་རྒྱ་ཇེ་ཆེ་རེད། ལོ་ངོ་དུ་མའི་རིང་ང་ཚོས་འཕྱུར་གྲུ་མཉམ་འདེགས་ཀྱིས་དུས་དེབ་འདི་ལ་ཆུ་འདྲེན་ཞིང་ལུད་བླུགས་པས་རྩོམ་པ་པོ་མི་ཉུང་བ་ཞིག་གསོ་སྐྱོང་བྱས་ཡོད་ལ་ཁོང་ཚོ་ལ་ངོམ་དུ་རུང་བའི་བརྩམས་ཆོས་ཀྱང་སྨིན་ཡོད། རེད་དེ། གསར་རྩོམ་གྱི་ལམ་ཞུགས་མ་ཐག་པའི་རྩོམ་པ་པོ་རྣམས་ལྡོག་ཏུ་མེད་པའི་སྟོབས་ཤུགས་ཆེན་པོ་མི་འདུག  གལ་སྲིད་རྟག་བརྟན་འགྱུར་མེད་ཀྱི་སྤོབས་པ་མེད་ན་གསར་རྩོམ་ལ་ཡིད་སྨོན་པའི་འབྲས་བུ་ཡོང་ཐབས་མེད། དེ་མིན་མང་ཤོས་ཤིག་ལ་ཁ་ཕྱོགས་གསལ་པོ་མི་འདུག  སྐབས་རེ་ལ་དེའི་ཕྱོགས་སུ་ཞུགས་ཤིང་མཚམས་རེ་ལ་འདིའི་ཕྱོགས་ལ་འཇུག་པའི་ཚུལ་མཐོང་རྒྱུའང་སྣང་། དེ་ལྟར་བྱེད་ན་གསར་རྩོམ་གྱི་ནུས་པ་དང་མོས་པ་ལ་ཕོིག་ཐུག་གཏོང་སྲིད། གཞན་ཡང་། རྩོམ་པ་པོ་མང་ཤོས་ལ་དཔེ་ཆ་ཀློག་པའི་གོམས་གཤིས་མེད་པ་དང་། གསར་རྩོམ་བྱས་པའི་བརྩམས་ཆོས་རྣམས་རྩོམ་སྒྲིག་ཁང་ལ་བསྐུར་བའི་སྲོལ་ཆགས་མེད་པས་དེའི་ཐོག་ལ་རྣམ་པ་ཚོས་སྐྱོན་ཡོད་ན་བཟོ་བཅོས་དང་མེད་ན་དོགས་ཟོན་གནང་རོགས།”

དཀར་མཛེས་གཟའ་འཁོེར་རེའི་ཚགས་པར་ཁང་གི་རྩོམ་སྒྲིག་པ་དབྱང་ཏན་ཧྲུའུ་ཡིས་བོད་ཀྱི་རྩོམ་རིག་གི་ཁ་ཕྱོགས་བསྐོར་གཏམ་བཤད་སྤེལ་སྐབས་འདི་ལྟར་གསུངས། “ང་ཚོས་ཅི་ཞིག་ལ་གསར་རྩོམ་དང་། གསར་རྩོམ་དང་མིའི་བར་གྱི་འབྲེལ་བ། ཅི་ཞིག་ལ་རིག་གནས་དང་། རིག་གནས་དང་མིའི་བར་གྱི་འབྲེལ་བ་ཅི་འདྲ་ཞིག་ཡིན་པ་བཅས་ལ་ཡང་ནས་ཡང་དུ་འདྲི་རྟོགས་བྱེད་དགོས། ཁམས་པ་ནི་བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པའི་ས་ཆ་ཞིག་ཡིན་ཙ་ན། ཕུལ་བྱུང་གི་རྩོམ་པ་པོ་དང་བརྩམས་ཆོས་ཐོན་པའི་གནས་མཆོག་ཅིག་རེད། འོན་ཀྱང་། ང་ཚོའི་བསམ་བློ་འཁོར་ཕྱོགས་དང་གསར་རྩོམ་གོམས་ལོབས་ལ་སྐྱོན་ཡང་མི་ཉུང་བ་མཐོང་རྒྱུ་འདུག དེ་ཡང་གསར་རྩོམ་ནི་མི་ཚེ་ཡིན་ལ་མི་ཡུལ་དུ་བདེན་བཟང་མཛེས་གསུམ་གྱི་རྩ་བ་ཚུགས། གཞུང་རྟ་རྒྱས། ཡལ་ག་འཁྲིགས་པའི་རླབས་ཆེན་གྱི་བྱ་གཞག་ལགས་པས་ང་ཚོས་རང་ཉིད་ཀྱི་ཡང་དག་པའི་མི་ཚེའི་ལྟ་བ་དང་རྩོམ་རིག་ལྟ་བ་ཡིས་བོད་ཀྱི་ཡུལ་ནས་བྱུང་ཞིག་འཕེལ་བའི་རིག་གནས། རིག་གནས་དེས་གསོ་སྐྱོང་བྱས་པའི་མི་རྣམས་ཀྱི་སྙིང་སྟོབས་མཚོན་པའི་བརྩམས་ཆོས་སྨིན་པ་ལ་འབད་པ་ལྷོད་མེད་བྱེད་དགོས། (མཇུག་ཏུ་ཁོང་གིས་ཚོགས་ཐོག་ཞུགས་པའི་རྩོམ་པ་པོ་འགའ་ཡི་བརྩམས་ཆོས་ལ་དཔྱད་བརྗོད་གནད་དུ་འཁེལ་བ་བྱས་སོང་།)

དེ་བཞིན་མཇུག་ཏུ་སྙན་ངག་པ་ནད་མེད་ཕུན་ཚོགས་དང་ན་གཞོན་རྩོམ་པ་པོ་གང་བསམ་ལྷུན་འགྲུབ། རྩོམ་པ་པོ་གཡང་མཚོ། རྩོམ་པ་པོ་དང་སྙན་ངག་པ་ངག་དབང་རྒྱ་མཚོ་བཅས་ཀྱིས་ཚོགས་ཐོག་ཏུ་སྙན་ངག་གྱེར་འདོན་སོགས་བྱས་ཏེ། བོད་ཀྱི་རྒྱ་བོད་ཡིག་རིགས་གཉིས་ཀྱི་རྩོམ་པ་པོ་༣༠ ལྷག་མཉམ་དུ་འཛོམས་པའི་རྩོམ་རིག་སྒྱུ་རྩལ་གྱི་བགྲོ་གླེང་ <<གངས་དཀར་རི་བོ་>>དུས་དེབ་རྩོམ་སྒྲིག་ཁང་གི་སྐབས་བཞི་པའི་རྩོམ་པ་པོའི་ཚོགས་འདུ་དེ་ཉིན་ལྔའི་རིང་འཚོགས་ཡོད་པ་རེད།