མི་མང་བ་དེ་ག་བར་འགྲོ་ན་དེར་འགྲོ་དགོས་པ་ཞིག་རེད།

2013_6_5_1

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པའི་ཉིན་༥ པའི་སྟེང་དགའ་ལྡན་ཕོ་བྲང་གི་སྐུ་ཚབ། བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་བསྩལ་བའི་བཀའ་སློབ་ཆ་ཚང་འདི་གའི་གསར་ཁང་གིས་ཡིག་ཐོག་ཏུ་ཕབ་ཡོད།

ཡིག་ཚང་ནས་ང་འདིར་ཆེད་མངག་གིས་གཏོང་དགོས་པའི་རྒྱབ་ལྗོངས་ཀྱི་རྒྱུ་མཚན་དེ། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥ པའི་སྟེང། སྐྱབས་མགོན་རིན་པོ་ཆེ་ཚོགས་ཕེབས་ཡོང་བ་དང་། གལ་སྲིད་ཚོགས་ཕེབས་མ་ཡོང་བ་ཡིན་ན་མཇལ་ཁ་ཡོང་ཐབས་ཞེས་ཟླ་བ་གཅིག་གཉིས་ཤིག་གི་སྔོན་དུ་སྙན་གསེང་ཞུས་ཡོད་འདུག མ་གཞི་ནས་སྙན་གསེང་ཞུ་སྐབས་ཚོགས་འདུ་དེ་ཕྱི་ཟླ་༨ པའི་ཟླ་མཇུག་ཏུ་འཚོག་འཆར་ཡོད་པའི་སྐབས་སུ་རེད། སྙན་གསེང་ཞུས་པ་དེར་ཡིག་ཚང་ནས་ཚོགས་ཕེབས་གནང་བ་དང་མཇལ་ཁ་གནང་རྒྱུ་གཉིས་ཆ་ངོས་ལེན་ཡོད་མ་རེད། དེ་མ་ཞུས་ན་ཡག་གི་རེད་ཟེར་ནས་མར་བཀའ་ལན་གནང་འདུག མཇལ་ཁ་མི་གནང་རྒྱུ་དེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དམིགས་སུ་བཀར་ནས་རྒྱུ་མཚན་གཞན་པ་གང་ཡང་ཡོད་མ་རེད།

2013_6_5_1སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བཞག་སྟེ། བགྲེས་ཡོལ་གནང་བའི་རྗེས་ནས་ཆབ་སྲིད་ཀྱི་ངོ་བོ་ཅན་གྱི་ཚོགས་པ་ཁག་གི་ཚོགས་འདུ་ལ་མཇལ་ཁ་དེ་འདྲ་མི་གནང་རྒྱུ་དེ་སྔོན་མ་ནས་ལམ་སྲོལ་དང་སྲིད་ཇུས་གཏན་ལ་ཁེལ་བསྡད་པ་ཞིག་རེད། དེར་བརྟེན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་ཡང་མཇལ་ཁའི་སྙན་གསེང་ཞུས་པ་གནང་ཡོད་པ་མ་རེད། དགུ་བཅུ་གསུམ་གྱི་ཚོགས་ཆེན་སྐབས་སུ་ཡང་མཇལ་ཁའི་སྙན་གསེང་ཞུས་འདུག་པ་གནང་ཡོད་མ་རེད། དེའི་བྱུང་རབས་དེ་ནས་མར་སླེབས་ཡོང་དུས་གཞོན་ནུ་ལྷན་ཚོགས་ལ་ཚོགས་ཕེབས་གནང་བ་དང་མཇལ་ཁ་གནང་རྒྱུ་ཡོང་རྒྱུ་མེད་པ་དེ་དངོས་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཡོད་རེད། དེ་ལེའུ་འདྲ་བོ་གཅིག་རེད།

མཇལ་ཁ་ཞུ་ཟེར་བ་དང་བཀའ་སློབ་ཞུ་ཟེར་བ་དེ། ཕན་ཚུན་ཞེ་དྲག་གི་ཐུགས་སྣང་དམ་ཚིག་གཙང་མ་དང་སེམས་ཐག་ཉེ་པོ་ཡོད་པ་ཞིག་ཡིན་ན་ཏག་ཏག་འགྲིག་གི་ཡོད་རེད་མ་གཏོགས། བསམ་ཕྱོགས་དང་ལངས་ཕྱོགས་མ་མཐུན་པ་ཞིག་ཡོད་བཞིན་དུ་སྐྱབས་མགོན་རིན་པོ་ཆེར་མཇལ་ཁ་ཞུས་པ་ཡིན་ན། དེ་མཛེས་ཚོན་ཙམ་ཞིག་དང་ཕྱི་ལོགས་སུ་ཆོ་ག་ཕྱག་ལེན་གྱི་བཟོ་འདྲ་བོ་མ་གཏོགས། དོན་དམ་ཕན་ཐོགས་ཡོད་པ་ཞིག་ཡོང་རྒྱུ་ཡོད་མ་རེད་ཅེས་ཡིག་ཚང་གི་བཀའ་ལན་དེའི་ནང་གནས་ཚུལ་ཞིབ་ཚགས་པོ་ཡོད་པ་རེད། ད་ལྟ་འདིར་གསལ་བཤད་ཞུ་དགོས་པའི་གནད་དོན་གང་ཆགས་ཀྱི་ཡོད་རེད་གསུང་པ་ཡིན་ན། མདང་དགོང་མཚན་ནག་གུང་ཚོགས་གཙོ་མཆོག་གིས་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་ལ། མཇལ་ཁ་དེ་ཐུགས་གཏན་མ་ཁེལ་བ་ཡིན་ན། ཚོགས་འདུ་འཐོར་བའི་བཟོ་འདྲ་བོ་ཞིག་འདུག ཁ་ཤས་ཚོགས་འདུའི་ནང་ནས་ཐོན་འགྲོ་ཡི་འདུག རྒྱུན་ལས་གསར་པ་འདེམས་རྒྱུ་དང་གྲོས་ཆོད་བཞག་ནས་ཚོགས་འདུ་མཇུག་བསྡོམས་རྒྱག་རྒྱུ་ལ་བར་ཆད་ཡོང་ས་རེད། དེར་དཀའ་ངལ་ཡོང་གི་འདུག དེར་བརྟེན་མཇལ་ཁ་ཡོད་ན་མེད་ན། བྱུང་ན་མཇལ་ཁ་ཡོད་པ་ཞིག་དང་། དེ་མ་བྱུང་ན་ང་ཚོའི་ཚོགས་འདུའི་ལས་དོན་དེ་འགྲོ་ཁག་པོ་ཡོང་གི་འདུག་ཟེར་ནས། སྐུ་ངོ་བློ་བཟང་སྤྱིན་པས་དེ་བཀའ་གནང་གི་འདུག དེ་འདྲ་ཡིན་ན། མཇལ་ཁ་མི་གནང་བའི་རྒྱུ་མཚན་དང་སྤྱིར་བཏང་སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བཞེས་ཕྱོགས། བར་ལམ་གྱི་བྱུང་རིམ། སྐྱབས་མགོན་རིན་པོ་ཆེས་ལ་དྭགས་དང་། ཨི་ཊ་ལི། ས་ལུ་གྷ་ར། ཉེ་ཆར་ཨ་རིའི་ས་གནས་གཉིས་ཙམ་ལ་བཀའ་སློབ་གསལ་པོ་ཞེ་དྲག་གནང་ཡོད་རེད། ཁྱེད་རང་ཚོ་ཚང་མས་གསན་ཡོད་རྒྱུ་རེད། གཟིགས་ཡོད་རྒྱུ་རེད། youtube ནང་ལ་གཟིགས་ན་ཕལ་ཆེར་ཡོད་རེད། གནས་ཚུལ་དེ་ཚོ་བྱུང་རིམ་གཅིག་རེད། ཡིན་ན་ཡང་གནས་ཚུལ་དེ་ཚོར་བརྟེན་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་འདུ་མཇུག་སྐྱོང་མ་ཐུབ་པ་དང་རྒྱུན་ལས་གསར་པ་འདེམས་མ་ཐུབ་པའི་གནས་སྟངས་ཡོང་དགོས་ཡ་རྩ་བ་ནས་ཡོད་མ་རེད་བསམ་གྱི་འདུག བྱས་ཙང་དགའ་ལྡན་ཕོ་བྲང་གི་དགོངས་པ་བཞེས་ཕྱོགས་དེ་ཚོགས་མི་ཚང་མས་གསལ་པོར་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་ཡོད། རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ད་ལྟ་ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ། ཡང་དག་པའི་མང་གཙོའི་ལམ་སྲོལ་ཞིག་གི་ནང་འགྲོ་དང་འགྲོ་བཞིན་པ་རེད། ཡང་དག་པའི་མང་གཙོའི་ལམ་སྲོལ་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་བྱུང་རྒྱུ་དེ་གཞི་རིམ་གྱི་ཐོབ་ཐང་དང་ལས་འགན་གཉིས་ཀ་ཆགས་ཀྱི་ཡོད་རེད། དེར་བརྟེན་ཆབ་སྲིད་ཀྱི་ལྟ་གྲུབ་མི་འདྲ་བ་ཞིག་གིས་གཞན་པ་ཞིག་ལ་གནོད་ཤུགས་སྤྲད་ནས་ཁྱེད་རང་གི་ལྟ་གྲུབ་འགྱུར་བ་གཏོང་དགོས་རེད་ཟེར་ནས་ལབ་རྒྱུའི་ཐོབ་ཐང་དེ་ཡོད་མ་རེད། ཡིན་ན་ཡང་རྒྱུ་མཚན་བཤད་ནས་སོ་སོའི་ལྟ་གྲུབ་ཁྱབ་སྤེལ་བྱ་རྒྱུའི་ཐོབ་ཐང་དེ་ཚང་མ་ལ་ཡོད་རེད། དེར་བརྟེན་རྒྱུ་མཚན་བཤད་པ་དང་གནོད་ཤུགས་སྤྲད་པ་གཉིས་པོ་དེ་ཡིན་གཅིག་མིན་གཅིག་དབྱེ་བ་ཕྱེ་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་ཡོད།  སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ན་ཡང་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་བཟུང་ན་འགྲིག་གི་མ་རེད། གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་རེད་ཟེར་ནས་ནམ་ཡང་བཀའ་གནང་ཡོད་མ་རེད། མ་འོངས་པར་ཡང་བཀའ་གནང་གི་མ་རེད།

དེ་བཀའ་གནང་ཤེས་ཀྱི་ཡང་མ་རེད། ཡིན་ན་ཡང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་ཚོས་རྒྱུ་མཚན་དང་གནོན་ཤུགས་གཉིས་ཀ་བེད་སྤྱོད་བཏང་ནས། དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་ཚོའི་ཐོག་ལ་འགྱུར་བ་གཏོང་རྒྱུའི་ཐབས་ཤེས་དེ་སྤྲད་པ་ཡིན་ན། དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་གྱི་ངོས་ནས་རང་རང་སོ་སོའི་རྒྱུ་མཚན་དེ་གསལ་བཤད་མ་བྱས་པར་འདུག་ཐབས་མེད་པ་ཞིག་རང་བཞིན་གྱིས་ཆགས་འགྲོ་ཡི་ཡོད་རེད། དེར་བརྟེན་སྐྱབས་མགོན་རིན་པོ་ཆེས་བར་ལམ་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ལ་དམིགས་བསལ་གྱིས་དགོས་པ་རྒྱུ་མཚན་བགྲངས་ནས་གསུང་དགོས་པ་དེ། རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ཐུགས་འགན་བཞག་ཚར་བ་ཡིན་ཙང་། ད་དབུ་མའི་ལམ་གྱི་ལེའུ་འདྲ་བོ་དེ་རྫོགས་པ་རེད། ད་རང་བཙན་རྩོད་མཁན་དེ་ཚོ་འཕག་འཚག་ག་རེ་རྒྱག་ཡ་ཡོད་ན་རྒྱག་རྒྱུའི་དུས་ཚོད་ལ་སླེབས་པ་རེད་བསམ་བསམ་འདྲ་བོའི་རྣམ་འགྱུར་དེ་ཕྱོགས་གང་ས་ནས་ཐོན་ཡོང་དུས། སྐྱབས་མགོན་རིན་པོ་ཆེའི་དེ་བཀའ་མ་གནང་ཐབས་མེད་འདྲ་བོ་ཆགས་ཀྱི་ཡོད་རེད། རྒྱལ་བ་རིན་པོ་ཆེས་ཡང་ནས་ཡང་དུ་ནན་ཏན་བྱས་ནས་གསུངས་པ་ལ། ངས་དེ་གསལ་བཤད་ཡིན་མ་གཏོགས་ཁྱེད་རང་ཚོས་ངའི་ལངས་ཕྱོགས་ལ་མོས་པ་བྱེད་དགོས་རེད་ཟེར་ནས་འབོད་སྐུལ་མིན་ད་ཟེར་ནས་ཏན་ཏན་གསུངས་ཡོད་རེད། སྐྱབས་མགོན་རིན་པོ་ཆེར་གསལ་བཤད་གནང་རྒྱུའི་ཐོབ་ཐང་ཡོད་རེད། ཕྱོགས་གཅིག་ནས་སྐྱབས་མགོན་རིན་པོ་ཆེ་བོད་ཀྱི་ཡུལ་མི་ཞིག་རེད། ཆབ་སྲིད་ཀྱི་ཐུགས་འགན་བཞག་པ་ནས་བོད་ཀྱི་ཡུལ་མི་དང་གཅིག་མཚུངས་ཀྱིས་བཅའ་ཁྲིམས་འབུལ་རྒྱུས་མཚོན་པའི་ཚང་མ་ཐུགས་འགན་སྒྲུབ་གནང་གི་ཡོད་རེད། དེར་བརྟེན་བོད་ཀྱི་ཡུལ་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རྩ་དོན་དང་ཆབ་སྲིད་ཀྱི་གནས་བབ་ལ་དགོངས་པ་བཞེས་ནས་བཀའ་བསྡུར་གནང་རྒྱུ་དང། རྒྱུ་མཚན་བཤད་རྒྱུའི་ཐོབ་ཐང་རྒྱལ་བ་རིན་པོ་ཆེར་ཡོད་དང་ཡོད་བཞིན་པ་ཞིག་རེད། དེ་ཙམ་དུ་མ་ཟད། ད་ལྟའི་གནས་སྐབས་སུ་རྒྱལ་བ་རིན་པོ་ཆེ་བོད་མི་ས་ཡ་དྲུག་གི་རང་དབང་ཅན་གྱི་མགྲིན་ཚབ་པ་དེ་རེད། བོད་མི་ས་ཡ་དྲུག་གི་རང་དབང་ཅན་གྱི་མགྲིན་ཚབ་ཡིན་པ་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནང་གསལ་པོར་འཁོད་ཡོད་རེད། བྱས་ཙང་སྐྱབས་མགོན་རིན་པོ་ཆེས་བཙན་བྱོལ་བོད་མི་གཅིག་འབུམ་ལྔ་ཁྲི་ཡས་མས་ཤིག་གི་ཆེད་དུ་ཐུགས་འགན་རྐྱང་རྐྱང་བཞེས་ན་འགྲིག་གི་ཡོད་མ་རེད། བོད་མི་ས་ཡ་དྲུག་ཡོངས་ཀྱི་ཆེད་ཐུགས་འགན་བཞེས་དགོས་ཀྱི་ཡོད་རེད། བོད་ནང་གི་གནས་བབ་དང་བོད་ནང་གི་བོད་མི་ཚོའི་མ་འོངས་པའི་མདུན་ལམ་ག་འདྲ་ཞིག་ལ་འགྲོ་མི་འགྲོ་དང། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཐབས་ལ་སོགས་པ་གནས་ཚུལ་མང་པོ་ཞིག་གི་ཐོག་ལ་སྐྱབས་མགོན་རིན་པོ་ཆེར་ཏན་ཏན་ཐུགས་འགན་ཡོད་པ་ཞིག་རེད། ཐུགས་འགན་ཡོད་པ་དེའི་རྒྱུ་མཚན་ལ་བརྟེན་ནས་ཀྱང་བོད་མིའི་རྩ་དོན་གྱི་ཆབ་སྲིད་ཀྱི་ཐོག་ལ་དངོས་ཡོད་གནས་ཚུལ་དང་བསྟུན་ནས་བཀའ་གནང་དགོས་པ་དེ་རྒྱལ་བ་རིན་པོ་ཆེའི་ཐོབ་ཐང་ཡིན་པ་ཙམ་དུ་མ་ཟད།

བོད་མི་ས་ཡ་དྲུག་གི་འགྲིན་ཚབ་པ་ཡིན་པར་བརྟེན། རྒྱལ་བ་རིན་པོ་ཆེའི་ཐུགས་འགན་ཞིག་ཆགས་ཀྱི་ཡོད་རེད། དེར་བརྟེན་སྤྱི་ཚོགས་ནང་གླེང་བརྗོད་ག་འདྲ་བྱུང་བ་ཡིན་ན་ཡང། རྩ་དོན་དང་འབྲེལ་བའི་གནད་དོན་ཐོག་སླེབས་དུས་ངེས་པར་དུ་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་གནང་དགོས་པ་དང་ཐུགས་འགན་བཞེས་དགོས་པ་དེ་གནས་སྟངས་ཤིག་ཆགས་ཀྱི་ཡོད་རེད།

ཡིན་ན་ཡང་བཀའ་སློབ་གནང་པ་དེས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོར་ཁྱེད་རང་ཚོས་རང་བཙན་གྱི་ལྟ་བ་བཟུང་ན་འགྲིག་གི་མ་རེད་གསུང་གི་ཡོད་མ་རེད་ལ། གཞོན་ནུ་ལྷན་ཚོགས་ལ་ཁྱེད་རང་ཚོའི་ལངས་ཕྱོགས་ལ་འགྱུར་བ་གཏོང་རེད་ཟེར་ནས་གསུང་གི་ཡོད་མ་རེད། ཡིན་ན་ཡང་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་སྤྱིར་བཏང་གིས་བོད་མིའི་སྒྲིག་འཛུགས་དང་བོད་སྤྱིའི་ཆབ་སྲིད་ཀྱི་སྒྲོམ་གཞི་ཁོ་རང་ལ་འགྱུར་བ་གཏོང་རྒྱུའི་འབད་བརྩོན་དང་གནོན་ཤུགས། ཡང་མིན་ན་བརྒྱུད་བསྒྲགས་བྱེད་རྒྱུའི་ནུས་པ་དེ་ཅི་ཙམ་ཞིག་ཤུགས་ཆེ་རུ་ཕྱིན་པ་ནང་བཞིན། དབུ་མའི་ལམ་སྲུང་སྐྱོང་བྱེད་མཁན་ཚོའི་ངོས་ནས་ཡིན་ན་ཡང་ནུས་པ་ཆེ་རུ་མ་བཏང་ན་ད་ལྟའི་གནས་སྐབས་སུ་གཞིས་བྱེས་བོད་མི་མང་ཤོས་ཤིག་གིས་མོས་འདུན་ཡོད་པ་དང་། གཞིས་བྱེས་བོད་མི་མང་ཤོས་ཤིག་གིས་རྒྱབ་སྐྱོར་ཡོད་པའི་སྲིད་བྱུས་ཤིག་ཡིན་པར་བརྟེན། མདོར་བསྡུས་ནས་ཞུས་ན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རང་རང་སོ་སོའི་ལངས་ཕྱོགས་རང་བཙན་གཙང་མ་ཡིན་པ་འཛིན་བཞིན་དུ། དེའི་ཆེད་དུ་ད་ལྟ་དང་འབྱུང་འགྱུར་གང་གི་ཆེད་དུ་ཐབས་ཤེས་ག་འདྲ་བྱས་པ་ཡིན་ན་ཡང་དེ་ལ་སུ་གང་གིས་མཛུབ་མོ་བཙུགས་རྒྱུ་དང་སྐྱོན་འཛུགས་རྒྱུ་ཡོད་མ་རེད་བསམ་གྱི་ཡོད། ཡིན་ན་ཡང་ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་ལྟར་ཚོགས་པ་མང་པོ་ཡོད་པའི་མང་གཙོ་མ་རེད།

སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་འགྲོ་སྟངས་ཤིག་རེད། སྲིད་དོན་གྱི་ཚོགས་པ་མེད་པའི་མང་གཙོའི་འགྲོ་སྟངས་འདི་འགྲོ་དང་འགྲོ་བཞིན་པའི་ཐོག བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགལ་ཟླ་ཚོགས་པའི་རྣམ་འགྱུར་འདྲ་བོ་ཞིག་བསྟན་ནས། གཞུང་གི་སྲིད་ཇུས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་ཐབས་ལམ་དང་། དེའི་བརྒྱུད་ནས་སྐྱབས་མགོན་རིན་པོ་ཆེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཟུར་ཟ་དེ་འདྲ་བྱུང་བ་ཡིན་ན། དེའི་ཐོག་ལ་སྐྱབས་མགོན་རིན་པོ་ཆེས་ཐུགས་ཕམ་ཡོང་སྲིད་པ་ཞིག་རེད། ཐམས་ཅད་མཁྱེན་པ་ཡིན་ན་ཡང་། འགྲོ་བ་མིའི་ཤ་ཚུགས་སུ་བྱོན་པ་ཡིན་པས། འགྲོ་བ་མིའི་ཤ་ཚུགས་སུ་བྱོན་པའི་གང་ཟག་ཅིག་ཡིན་ཕྱིན་ཆད། འགྲོ་བ་མི་རང་གི་སྤྱོད་ལམ་དེ་སྟོན་གནང་དགོས་ཀྱི་ཡོད་རེད། དེར་བརྟེན་ཐུགས་ཕམ་ཡོང་སྲིད་པ་ཞིག་ཡིན་པ་དེ་ཁྱེད་རང་ཚོས་མཁྱེན་གྱི་ཡོད་པ་རེད་ལ་མཁྱེན་དགོས་ཀྱི་རེད་བསམ་གྱི་ཡོད། སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་བརྒྱུད་སྤྲོད་གནང་པའི་སྐབས་སུ།

དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཟེར་བའི་མཚན་དེ་ཕྱིར་བསྡུ་གནང་བ་རེད། མཚན་ཕྱིར་བསྡུ་གནང་བ་དེ་རྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་རང་བཞིན་གྱིས་ཡོད་པའི་ཐོབ་ཐང་ཞིག་རེད། གང་ཡིན་ཟེར་ན།  དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཟེར་བའི་མཚན་དེ་རྒྱལ་དབང་ལྔ་པས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་བཞེས་པའི་རྗེས་སུ་བཏགས་པ་ཞིག་མ་རེད།

རྒྱལ་བ་སྐུ་ཕྲེང་གཉིས་པ་དང། གསུམ་པ། བཞི་པའི་བར་དུ་ཡོད་པའི་བླ་བྲང་གི་མཚན་རྙིང་པ་ཞིག་རེད། བླ་བྲང་སྒེར་པ་ཞིག་གི་མཚན་རང་རེད། རྒྱལ་བ་སྐུ་ཕྲེང་གཉིས་པ་ནས་བཟུང་རྡོ་ཁང་སྔོན་པོ་ལ་དགའ་ལྷན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འབྲས་སྤུངས་ཀྱི་ནང་ཡོད་པའི་ཕོ་བྲང་དེ་ལ་འདི་འདྲས་མཚན་བཏགས་པ་དེའི་ནང་ལ་རྒྱལ་བ་སྐུ་ཕྲེང་གཉིས་པ། གསུམ་པ། བཞི་པ། ལྔ་པས་ཆབ་སྲིད་ཀྱི་འགན་དབང་མ་བཞེས་ཀྱི་བར་དུ་བླ་བྲང་སྒེར་གྱིས་བེད་སྤྱོད་གནང་པའི་མཚན་ཞིག་རེད། རྒྱལ་དབང་ལྔ་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་བཞེས་པ་ནས་བཟུང་སྟེ། བོད་ཀྱི་གཞུང་དེ་ལ་བླ་བྲང་གི་མཚན་དེ་སྦྱར་ནས་དགའ་ལྡན་ཕོ་བྲང་གི་གཞུང་ཟེར་བ་དེ་ཆགས་པ་རེད། ད་ལྟ་དགའ་ལྡན་ཕོ་བྲང་གི་གཞུང་སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་མཇུག་བསྡོམས་གནང་པའི་སྐབས་སུ། བླ་བྲང་གི་མིང་དེ་གཞུང་ལ་བཞག་པ་ཡིན་ན། ད་དུང་མང་གཙོའི་འཕེལ་རིམ་ཡོངས་སུ་མ་རྫོགས་པ་བྱས་ནས་བླ་བྲང་ཞིག་གིས་སྲིད་དབང་འཛིན་རྒྱུའི་སྒྲིག་སྲོལ་མཐའ་མ་འདྲ་བོ་ཞིག་ལྷག་བསྡད་ན་ཡག་པོ་ཡོང་གི་མེད་པ་དང་། ཕྱོགས་གཞན་ཞིག་ནས་རྒྱལ་བ་སྐུ་ཕྲེང་གཉིས་པ་ནས་ཡོད་བསྡད་པའི་བླ་བྲང་གི་མཚན་དེ། རྒྱལ་བ་སྐུ་ཕྲེང་རྗེས་མ་རྗེས་མར་འདུག་དགོས་པ་དེ་རྟགས་རྟེན་འབྲེལ་དང་དགོས་པ་རྒྱུ་མཚན་ཡོད་པ་ལ་བརྟེན་ནས། བླ་བྲང་གི་མཚན་ཕྱིར་འཐེན་གནང་དགོས་པ་གལ་ཆེན་པོ་རེད་ཟེར་ནས་སྐྱབས་མགོན་རིན་པོ་ཆེས་ཐུགས་ཐག་ཆོད་པོས་བཀའ་གནང་ཡོད་རེད། གཞུང་གི་རྒྱལ་རྟགས་ཕྱིར་བསྡུ་གནང་ཡོད་མ་རེད། ༡༩༥༩ ལོའི་རྗེས་སུ་བཟོས་པའི་གཞུང་གི་རྒྱལ་རྟགས་ད་དུང་ཡང་ཡོད་བཞིན་པ་རེད། དེའི་འོག་གི་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཟེར་བའི་ཚབ་དེར་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཟེར་བའི་ཚིག་དེ་སྤྱི་འཐུས་ལྷན་ཁང་ནས་བཅུག་གནང་ནས་གསར་པ་བཟོས་ཡོད་རེད་མ་གཏོགས་རྒྱལ་རྟགས་རང་འཇགས་བསྡད་ཡོད་རེད། རྒྱལ་རྟགས་ལ་འགྱུར་བ་ཕྱིན་ཡོད་མ་རེད། གནས་ཚུལ་གང་ལ་ཡང་འགྱུར་བ་ཕྱིན་ཡོད་མ་རེད། གནས་ཚུལ་དེ་ཚོ་ཞིབ་ཚགས་པོའི་ཐོག་ནས་མཁྱེན་པའི་ཐོག་ལ་དགའ་ལྡན་ཕོ་བྲང་གི་གཞུང་བསྡུ་གསོག་བརྒྱབ་པ་རེད་ཟེར་བའི་སྐྱོན་བརྗོད་བྱས་པ་དེ་ཚོ་ཏན་ཏན་མ་འོས་ཤིང་མ་འཚམས་པ་རེད་བསམ་གྱི་ཡོད། མ་འོས་པ་དང་མ་འཚམས་པ་ཞིག་ཆགས་ཀྱི་ཡོད་རེད་མ་གཏོགས་འོས་ཤིང་འཚམས་པ་ཞིག་ཆགས་ཀྱི་ཡོད་མ་རེད། གང་ཡིན་ཟེར་ན། དེ་ལ་བརྟེན་ནས་བཙན་བྱོལ་བོད་གཞུང་གི་གནས་བབས་ལ་འགྱུར་བ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། བླ་བྲང་སྐུ་སྒེར་གྱི་མཚན་ཞིག་བླ་བྲང་སྐུ་སྒེར་གྱིས་ཕྱིར་འཐེན་གནང་བ་དེ་བླ་བྲང་སྐུ་སྒེར་གྱི་སྒེར་གཅོད་ཀྱི་བདག་དབང་ཞིག་རེད་མ་གཏོགས། དེ་ལ་སུ་གང་ལ་ལྟོས་དགོས་པ་དང་སུ་གང་ལ་བསྟུན་དགོས་པ་ཡོད་མ་རེད།

དཔེར་ན། དེ་རིང་སང་ཉིན་ནང་བཞིན་བྱས་ནས་དེང་རབས་ཀྱི་ཁྲིམས་དང་བསྟུན་པ་ཡིན་ན་ཡང་ཁྲིམས་མཐུན་རང་ཆགས་ཡོད་རེད་མ་གཏོགས་མ་འོས་མ་འཚམས་པ་ཆགས་ཡོད་མ་རེད། དེ་ཚོའི་ཐོག་གཞོན་ནུ་ལྷན་ཚོགས་ཡོངས་རྫོགས་ཀྱི་དགོངས་པ་ཡིན་མིན་མི་ཤེས་ཀྱང་། གཞོན་ནུ་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པས་དེའི་ཐོག་ཐུགས་སྣང་ཆེན་པོས་བཀའ་མོལ་མང་པོ་གནང་ཡོད་རེད། དེ་ཚོ་བདག་པོ་བརྒྱབ་ནས་མ་འོངས་པར་བོད་ལ་རྩིས་སྤྲོད་གནང་གི་ཡིན་ཟེར་ནས་དེ་འདྲ་ཡང་བཀའ་གནང་ཡོད་རེད། དགའ་ལྡན་ཕོ་བྲང་གི་མིང་དེ་བདག་པོ་རྒྱག་རྒྱུའི་ཐོབ་ཐང་ཡོད་མེད་དེ་ཁྲིམས་ཀྱི་ཐོག་ནས་བལྟས་པ་ཡིན་ན་ཡ་མཚན་པོ་ཆགས་ཀྱི་རེད་བསམ་གྱི་ཡོད། ཡིན་ན་ཡང་དེ་བདག་པོ་རྒྱག་གི་ཡིན། འབྱུང་འགྱུར་བོད་ལ་རྩིས་སྤྲོད་བྱེད་ཀྱི་ཡིན་ཞེས་པའི་སྐབས་སུ། ཁ་ཐུག་ལ་རྒྱལ་བ་རིན་པོ་ཆེའི་མིང་དེ་མ་སྨོས་པ་ཡིན་ན་ཡང་གང་ལྟར་སྐྱབས་མགོན་རིན་པོ་ཆེའི་ཐུགས་ཕམ་དགོས་པའི་གནས་སྟངས་རང་བཞིན་གྱིས་ཡོང་སྲིད་པ་ཞིག་རེད་བསམ་གྱི་ཡོད། དེ་བཞིན་བཙན་བྱོལ་བོད་གཞུང་གི་མཚན་དེ་འགྱུར་བ་བཏང་བ་ལས། མཚན་དེར་འགྱུར་བ་རྒྱལ་བ་རིན་པོ་ཆེས་བཏང་གནང་བ་མ་རེད། རྒྱལ་བ་རིན་པོ་ཆེས་དགོངས་འཆར་གནང་བ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཏང་གནང་བ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྱུར་བ་བཏང་བ་དེ་མ་འགྲིག་པ་འདྲ་བོ་དང་། སྐབས་དེར་ཧ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་མི་མང་གི་སྐུ་ཚབ་མཚོན་གྱི་མེད་པ་འདྲ་བོ་བཀའ་གནང་འདུག བྱས་ཙང་དེ་ཚོ་ཡང་གང་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་སྐྱབས་མགོན་རིན་པོ་ཆེས་དགོངས་འཆར་གནང་བ་དེ། དམིགས་བསལ་ཚོགས་ཆེན་དང་། གྲོས་ཚོགས། དེ་བཞིན་སྨོན་ལམ་གསུང་ཆོས་སོགས་ཀྱི་སྐབས་སུ་དགོངས་འཆར་གནང་བ་དེར་ཐད་ཀར་ཟུར་ཟ་བྱས་པའི་བཟོ་འདྲ་བོའི་གནས་སྟངས་མང་པོ་བྱུང་བསྡད་པ་རེད། ད་ལྟ་གློ་བུར་དུ་ཡོང་བ་ཡིན་པས། གསར་ཤོག་དང་སྐབས་དེའི་ཡིག་ཆ་དེ་ཚོ་ངས་འདིར་ཁྱེར་མེད། ངས་གང་ཞུས་པ་དེ་ཁྱོན་ནས་མ་བྱུང་བའི་གནས་སྟངས་ཤིག་ཞུ་ཡི་ཡོད་མ་རེད་བསམ་གྱི་ཡོད།

དེ་དང་ཕྱོགས་མཚུངས་༢༠༡༣ ལོའི་གཞོན་ནུ་ལྷན་ཚོགས་ཀྱིས་གསུམ་བཅུའི་དུས་དྲན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ནང་། རྒྱལ་བ་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་ནས་བཀའ་ཤག་གསར་པས་ལས་དོན་བྱེད་ཕྱོགས་ཀྱི་ཁོར་ཡུག་དེ་ཞེ་དྲག་གི་གུ་ཡངས་པོ་བཟོས་ཡོད་རེད་ཟེར། དེ་ལ་བརྟེན་ནས་གཞོན་ནུ་ལྷན་ཚོགས་ཀྱི་ཕྱག་ལས་གནང་ཡ་དེ་ཞེ་དྲག་ལས་སླ་རུ་ཕྱིན་ཡོད་རེད་ཟེར།  དེའི་གནས་སྟངས་དེ་མུ་མཐུད་ནས་འདུག་དགོས་པ་ཞིག་རེད་ཟེར། ཡོངས་ཁྱབ་གསལ་བསྒྲགས་ཚང་མས་གཟིགས་ཡོད་རྒྱུ་རེད། དེ་ཀློག་པ་ཡིན་ན་ག་རེ་གོ་རྒྱུ་ཡོད་རེད་ཟེར་ན། རྒྱལ་བ་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་མ་གནང་གི་བར་དུ་ཁོར་ཡུག་དེ་དོག་པོ་ཞེ་དྲག་དང། ལྷག་པར་དུ་རང་བཙན་རྩོད་མཁན་ཚོར་ཁོར་ཡུག་དོག་པོ་ཞེ་དྲག་ཡོད་པ་དང་། ད་ལྟ་ཁོར་ཡུག་དེ་སངས་པ་ཡིན་པས་ད་རྒྱལ་བ་རིན་པོ་ཆེས་སྐུ་དབང་རྩིས་སྤྲོད་གནང་ཚར་བ་རེད། དེར་བརྟེན་ང་ཚོ་རང་བཙན་རྩོད་མཁན་ཚོར་ལས་ཀ་བྱ་སའི་གོ་སྐབས་གསར་པ་ཞིག་སླེབས་པ་རེད། ད་ང་ཚོས་འདིའི་ཐོག་ཞེ་དྲག་བྱེད་དགོས་རེད་ཟེར་བའི་གདངས་འདྲ་བོ་དེ་འདྲ་ཞིག་དེའི་ནང་ནས་ཐོན་གྱི་ཡོད་རེད། དེ་ཙམ་དུ་མ་ཟད། ད་ངས་ཚང་མ་དྲན་གྱི་མི་འདུག ཡིན་ན་ཡང། གནས་ཚུལ་མང་པོ་ཞིག་གི་ཐོག་ལ་སྐྱབས་མགོན་རིན་པོ་ཆེར་ཞ་དང་ཞོར་ནས་མི་འདོད་པའི་རྣམ་འགྱུར་དང་ཟུར་ཟ་དེ་འདྲ་བྱུང་བསྡད་ཡོད་རེད་བསམ་གྱི་ཡོད། ས་གནས་མང་པོ་ཞིག་གི་གཞོན་ནུའི་ཚོགས་མི་དེ་འདྲས་སྐྱབས་མགོན་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་ཡིན་གསུང་གི་ཡོད་རེད། ད་ག་རེ་བྱས་ནས་རང་བཙན་དང་དབུ་མའི་ལམ་གྱི་ཐོག་ལ་བཀའ་སློབ་གནང་གི་ཡོད་རེད། བགྲེས་ཡོལ་གནང་ཚར་དུས་ཁ་ཁ་བཞུགས་དགོས་རེད་པ། དེ་ཚོར་ག་རེ་བྱས་ནས་ཇུས་གཏོགས་གནང་གི་ཡོད་རེད་ཅེས་བཤད་མཁན་ཡང་ཡོད་རེད་ཟེར་གྱི་འདུག

ཉེ་ཆར་ཨ་རིའི་ནང་དུ་ཡང་གཞུང་འབྲེལ་གྱི་མཛད་སྒོའི་སྡིངས་ཆ་དེ་འདྲར་ཡང་གཞོན་ནུ་ལྷན་ཚོགས་ཀྱི་མཛད་གཙོ་ཁ་ཤས་ཀྱིས་ཐད་ཀར་བེད་སྤྱོད་གནང་ནས་ཕྱི་ལོགས་ཀྱི་མི་ཚོས་དེ་གཞུང་འབྲེལ་གྱི་མཛད་སྒོ་ཡིན་དང་། གཞུང་འབྲེལ་གྱི་མཛད་སྒོ་ཚར་ནས་གཞོན་ནུའི་མཛད་གཙོ་རྣམ་པས་བཀའ་སློབ་གནང་གི་ཡོད་པ་མ་ཤེས་པ་དེ་འདྲ་ཡང་ཚར་གཅིག་གཉིས་རེ་བྱུང་འདུག གཞུང་དང་གཞོན་ནུ་གཅིག་བསྒྲིལ་བྱས་པའི་བཟོ་འདྲ་བོ་མཚོན་རྒྱུའི་ཐབས་ལམ་དེ་འདྲ་ཡང་། དགོངས་པར་ཡོད་མེད་མི་ཤེས་ཀྱང་ཕྱི་ལོགས་ནས་བལྟས་པ་ཡིན་ན་དེ་འདྲ་མཐོང་བའི་བཟོ་འདྲ་བོ་ཆགས་ཡོད་རེད། ས་གནས་གཅིག་ལ་མི་དེ་ཚོས་བཅར་འདྲི་ཞུ་བའི་སྐབས་སུ། རྒྱུན་དུ་བརྒྱུད་ལམ་ཁག་གི་ནང་རྒྱལ་བ་རིན་པོ་ཆེར་མཚན་སྨད་ཞུ་མཁན་ལྔ་དྲུག་ཅིག་ཡོད་རེད། དེ་ཚོའི་སྐོར་ལ་བཅར་འདྲི་ཞུ་སྐབས། ཁོང་ཚོ་ང་ཚོའི་ལམ་སྟོན་པ་ཡིན། སློབ་དཔོན་ཡིན། ཁོང་ཚོའི་རྒྱབ་ལ་མཆོང་རྐྱང་ཡིན་ཟེར་ནས་དེ་འདྲའི་བཀའ་ལན་གནང་བ་རེད་ཟེར་ནས་བཤད་བསྡད་པ་དེ་འདྲ་ཡང་བྱུང་བ་རེད། རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་པའི་བར་གྱི་མཛད་རྣམ་ཐམས་ཅད་ལ་གཟིགས་པ་ཡིན་ན། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བོད་གཞུང་གི་འཛིན་སྐྱོང་རྒྱུན་རིང་ཤོས་ལོ་༦༠ བར་དུ་གནང་མཁན་དེ་ཆགས་བསྡད་ཡོད་རེད། ལོ་༦༠ རིང་སྐུ་ངལ་བརྒྱ་ཕྲག་མང་པོ་སྤྱད་ནས་བོད་གཞུང་དེ་བོད་ནང་དུ་ཡོད་པའི་སྐབས་དང་། བཙན་བྱོལ་དུ་འབྱོར་ཚར་བའི་སྐབས་གང་ཡིན་རུང་གང་ལྟར་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་གྱི་གཞུང་ལ་བརྩི་རྒྱུ་དེ་དཀའ་བ་བརྒྱ་ཕྲག་མང་པོ་སྤྱད་ནས་འཛིན་སྐྱོང་གནང་བ་རེད། མ་འོངས་པར་ཡང་དེ་དགོས་པ་ཐུགས་འགན་ཆེན་པོ་ཡིན་པ་གཟིགས་བསྡད་ཡོད་རེད། དེ་བརྗེ་ལེན་དགོས་པ་དེ་ཐུགས་འགན་ཆེན་པོ་ཡིན་པ་གཟིགས་པ་ཡིན་པས། རྒྱལ་སྤྱིའི་ནང་དཀའ་རྙོག་མི་ཡོང་བའི་ཆེད་མིང་ལས་དོན་གཙོ་ཆེ་བ་ཡིན་པར་བརྟེན། མིང་དེ་སྔོན་མ་ང་ཚོས་དབྱིན་སྐད་ཐོག་གང་ལབ་ཀྱི་ཡོད་པ་དེ་བོད་སྐད་ལ་ཡང་གཅིག་གྱུར་ལབ་པ་ཡིན་ན་ཡག་པོ་ཡོད་རེད་ཟེར་ནས་དགོངས་འཆར་གནང་བ་རེད། དགོངས་འཆར་གནང་པ་བཞིན་གྲོས་ཚོགས་ཀྱིས་བསྒྱུར་བཅོས་བཏང་བ་རེད། དེར་རྒྱལ་བ་རིན་པོ་ཆེར་གཞུང་ཕྱིར་བསྡུ་གནང་བ་རེད་ཟེར་བ་སོགས་ཀྱི་སྐྱོན་བརྗོད་བྱེད་རྒྱུ་ཡོད་མ་རེད་བསམ་གྱི་ཡོད། སྤྱིར་བཏང་གནས་སྟངས་དེ་འདྲ་ཡོང་བསྡད་པ་དེ་ང་ཚོས་རྒྱབ་ལྗོངས་ག་འདྲ་ཞིག་གི་ཐོག་ནས་ཞིབ་འཇུག་བྱེད་དགོས་རེད། ཞིབ་འཇུག་གནང་རྒྱུའི་རྒྱབ་ལྗོངས་དེ་གཞོན་ནུ་ལྷན་ཚོགས་ཀྱི་མཛད་གཙོ་བྱེ་བྲག་པ་ཞིག་ཡིན་ན་ཡང་འདྲ། གཞོན་ལྷན་གྱི་སྒྲིག་འཛུགས་ཡིན་ན་ཡང་འདྲ། རྒྱལ་བ་རིན་པོ་ཆེར་ཆབ་སྲིད་ཀྱི་སྐུ་དབང་ཡོད་པའི་སྐབས་ཡིན་ན་ཡང་འདྲ། ཆབ་སྲིད་ཀྱི་སྐུ་དབང་བཞག་ནས་བོད་ཀྱི་ཡུལ་མི་རང་བཞིན་པ་ཞིག་ཆགས་ཚར་བའི་རྗེས་སུ་ཡིན་ན་ཡང་འདྲ། གང་ལྟར་ང་ཚོ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ནང་ལ་ཡོད་པའི་ཡུལ་མི་ཤ་སྟག་ཅིག་ཆགས་བསྡད་ཡོད་རེད་བ། དེའི་བར་གྱི་འབྲེལ་བ་བྱེད་སྟངས་དང་བསམ་ཚུལ་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་དེ་དག་ཕྱོགས་གཉིས་ཆ་ནས་གཅིག་གིས་གཅིག་ལ་གུས་བརྩི་ཞུས་ནས་འགྲོ་དགོས་པ་ཞིག་རེད་མ་གཏོགས། དེ་གང་ཟག་སྒེར་གྱི་སྐྱོན་འདྲ་བོ་ཞིག་ལ་བརྩིས་ནས་དེའི་ཐོག་ལ་ཐེར་འདོན་དང་། མ་འོས་པའི་རྣམ་འགྱུར། ཟུར་ཟ་དང་སྐྱོན་བརྗོད་བྱས་པ་དེ་དག་སུ་དང་སུ་ཡིན་ན་ཡང་ཐུགས་ཕམ་ཡོང་ཡ་དང་ཐུགས་ལ་མ་བདེ་བ་ཡོང་བ་དེ་རང་བཞིན་གྱི་གནས་སྟངས་ཤིག་རེད་མ་གཏོགས། དེར་ང་ཚོ་ཧ་ལས་དགོས་པ་དང་ཧོན་འཐོར་དགོས་པ་དེ་འདྲ་ཡོད་མ་རེད་བསམ་གྱི་ཡོད།

སྤྱིར་བཏང་ངས་གོང་དུ་ཞུས་པ་ནང་བཞིན་རེད། རྒྱལ་བ་རིན་པོ་ཆེས་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་རེད་ཟེར་ནས་སྔོན་མ་ཡང་གསུངས་མྱོང་ཡོད་མ་རེད་ལ། ད་ལྟ་ཡང་གསུང་གི་མ་རེད། མ་འོངས་པར་ཡང་གསུང་གི་མ་རེད། དེ་ང་ཚོས་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད། དེ་འདྲ་ཡིན་ན། གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཅིག་ཀྱང་འགྲོ་རྒྱུ་ཡོད་མ་རེད། དེ་རྟག་པའི་བཟོ་འདྲ་བོ་ཞིག་རེད་དམ་ཟེར་ན། དེ་ཡང་མ་རེད་བ། གཞོན་ནུ་ལྷན་ཚོགས་ཟེར་བ་དེ་ཚོགས་མི་མང་པོ་ཞིག་ལས་གྲུབ་པའི་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཤིག་རེད། སྤྱི་ཚོགས་ཀྱི་སྒྲིག་འཛུགས་དེའི་ནང་ལངས་ཕྱོགས་ག་འདྲ་ཞིག་ཁུར་མ་ཁུར་དེ་མང་མོས་ལ་བརྟེན་ནས་འགྲོ་དགོས་པ་ཞིག་རེད་མ་གཏོགས། གང་ཟག་ཁ་ཤས་ཀྱིས་དེ་ལ་འགྱུར་བ་གཏོང་རྒྱུ་ཡོད་མ་རེད་ཟེར་ནས་ལབ་རྒྱུ་ཡོད་མ་རེད། མི་མང་བ་དེ་ག་བར་འགྲོ་ཡི་ཡོད་ན་དེར་འགྲོ་དགོས་པ་ཞིག་རེད།

ཉེ་ཆར་གླིང་ཁ་གཏོང་ས་ཞིག་ནས་གཞོན་ནུའི་ཚོགས་མི་ཞིག་གིས་ང་སྒེར་ལ་སྐད་ཆ་འདྲི་ཡི་འདུག ང་རང་གི་ལངས་ཕྱོགས་ནི་དབུ་མའི་ལམ་གཙང་མ་ཡིན། ཡིན་ན་ཡང་གཞོན་ནུའི་ཚོགས་མི་ཡིན། གཞོན་ནུའི་ལས་འགུལ་ནང་འགྲོ་ཡི་ཡོད་ཟེར། དེ་ཏག་ཏག་བསྡད་ཡོད་རེད་དམ་ཟེར་ནས་འདྲི་ཡི་འདུག དེ་ཏག་ཏག་བསྡད་ཡོད་མེད་ཁྱེད་རང་གིས་བསམ་བློ་གཏོང་དགོས་རེད་པ། བསམ་བློ་དེ་གཞན་པ་ཞིག་ཁུར་རྣམ་འགྱུར་དེ་གཞན་པ་ཞིག་བསྟན་པ་ཡིན་ན། དཔེ་ཆར་ཆ་བཞག་ན། སྐྱག་རྫུན་ཟེར་བ་དེ་རེད། གནས་ཚུལ་དང་སྣང་ཚུལ་མི་མཐུན་པ། ཕྱི་ལོགས་སུ་ང་གཞོན་ནུ་ཡིན་མདོག་མདོག་བྱས། ནང་ལོགས་སུ་དབུ་མའི་ལམ་བྱས་པ་ཡིན་ན་ཁྱེད་རང་སྒེར་གྱི་བསམ་བློའི་འགལ་ཟླ་དང་། ནང་གི་འཐབ་རྩོད་ཅིག་ཆགས་ཀྱི་ཡོད་རེད་དེར་ཆོ་ཡོད་མ་རེད་དེ་འདྲ་ལབ་རྒྱུ་བྱུང་། སོང་ཙང་། མང་གཙོའི་ལམ་ཟེར་བ་དེ་མི་མང་ག་བར་འགྲོ་ཡི་ཡོད་ན། མི་མང་མང་ཤོས་ཀྱི་བསམ་ཚུལ་ག་རེ་ཡོད་པ་དེའི་མཉམ་དུ་སྒྲིག་འཛུགས་ལ་ཡང་འགྱུར་བ་འགྲོ་ཡི་རེད། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་མཚོན་ན་ཡང་འགྱུར་བ་གཏོང་དགོས་བྱུང་ན་མང་མོས་ཐག་ཆོད་འོས་བསྡུ་བྱ་རྒྱུ་རེད། མང་མོས་ཐག་ཆོད་འོས་བསྡུ་བྱས་ནས་དབུ་མའི་ལམ་ལ་མང་མོས་མ་བྱུང་བ་ཡིན་ན་ཉ་རེ་ཉོ་རེ་བཤད་རྒྱུ་ཡོད་མ་རེད་པ། གང་ལ་མང་མོས་བྱུང་བ་དེར་འགྲོ་རྒྱུ་རེད། སྔོན་མ་༢༠༠༨ ལོར་སྐྱབས་མགོན་རིན་པོ་ཆེས་གསལ་པོ་བྱས་ནས་གསུངས་ཡོད་རེད། མི་མང་གིས་གང་ཐག་ཆོད་བྱུང་པ་དེར་ང་ཚོ་དགའ་མོས་ཐོག་ནས་འགྲོ་རྒྱུ་རེད་གསུངས་ཡོད་རེད།

ཡིན་ན་ཡང་ཉུང་བ་དེའི་བསམ་བློར་འགྱུར་བ་གཏོང་དགོས་པ་ཡོད་མ་རེད། དཔེར་ན། དབུ་མའི་ལམ་གྱི་ལངས་ཕྱོགས་ལ་མང་མོས་ཀྱི་ཐོག་ནས་འགྱུར་བ་ཕྱིན་པ་ཡིན་ན་ཡང་། ཉུང་ཤས་ཤིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱས་ནས་འདུག་ཆོག་པ་དེ་མང་གཙོའི་ཐོབ་ཐང་ཞིག་རེད། ད་ལྟ་རང་བཙན་རྩོད་མཁན་ཉུང་བ་ཡོད་རེད་ད། ཉུང་བ་དེ་ཚོར་ཁྱེད་ཚོས་རང་བཙན་རྩོད་ཆོག་གི་མ་རེད་ཟེར་ནས་སུ་གང་གིས་ལབ་ཀྱི་ཡོད་མ་རེད་བ། གྲངས་མང་གི་འདོད་ཚུལ་དང་གྲངས་ཉུང་གི་འདོད་ཚུལ་གང་ཡིན་རུང། ཡིན་ན་ཡང་སྒྲིག་འཛུགས་དང་གཞུང་རང་གི་ལངས་ཕྱོགས་དེ་སྤྱི་ཡོངས་ཀྱི་ཡུལ་མི་མང་བ་དེ་ག་བར་འགྲོ་ཡི་ཡོད་པ་དེའི་ཐོག་ལ་འགྲོ་དགོས་པ་དེ་རང་བཞིན་གྱི་གནས་སྟངས་ཤིག་རེད། ངས་གཞོན་ནུའི་གནས་བབ་ལ་ཇུས་གཏོགས་བྱས་ནས་ཞུ་ཡི་མེད་ད། ལྟ་གྲུབ་ཀྱི་ཆ་ནས་རྒྱལ་བ་རིན་པོ་ཆེས་གསུང་གི་ཡོད་མ་རེད་ཟེར་དུས། ཡང་དེ་ལ་འགྲེལ་བཤད་བརྒྱབ་ནས་ད་ང་ཚོས་འགྱུར་བ་གཏོང་རྒྱུ་ཡོད་མ་རེད་ཟེར་བ་དེའི་དོན་དག་ལ་གོ་རྒྱུ་ཡོད་མ་རེད། ལྟ་གྲུབ་ཀྱི་ཆ་ནས་གནས་སྟངས་དེ་ཤེས་དགོས་ཀྱི་ཡོད་རེད། ལར་ནས་འདས་པའི་ལོ་མང་པོ་ཞིག་གི་རིང་གཞོན་ལྷན་སྒྲིག་འཛུགས་ཁོ་རང་གིས་གྲོས་ཆོད་དེ་ཡ་མཚན་པོ་ཞིག་ཡོད་རེད། དོན་ཚན་གཅིག་གི་ནང་རྒྱལ་བ་རིན་པོ་ཆེས་བཀའ་ག་རེ་གནང་པ་དེ་བསྒྲུབ་ཀྱི་ཡིན་ལབ་ཡོད་རེད། ཡང་དོན་ཚན་གཞན་པ་ཞིག་གི་ནང་ང་ཚོའི་ལངས་ཕྱོགས་འདི་ཡིན་ཟེར་ནས་ལབ་ཡོད་རེད། རྒྱལ་བ་རིན་པོ་ཆེས་བཀའ་ག་རེ་གནང་པ་དེ་བསྒྲུབ་ཀྱི་ཡིན་ཟེར་བའི་དོན་ཚན་དེ། ང་ཚོས་ལག་ལེན་ལ་ཁེལ་ཐུབ་ཀྱི་མེད་ན་འགྱུར་བ་གཏོང་དགོས་ཀྱི་ཡོད་རེད་བ། རྩ་ཁྲིམས་འགྱུར་བ་གཏོང་རྒྱུའི་ཆ་རྐྱེན་ཞིག་སྒྲིག་གཞིའི་ནང་ཡོད་དགོས་ཀྱི་རེད། དེའི་བརྒྱུད་ནས་ང་ཚོས་འདི་ཡོང་གི་མི་འདུག་འགྱུར་བ་གཏོང་གི་ཡིན་ལབ་པ་ཡིན་ན། བསམ་བློ་དང་སྒྲིག་གཞི་གཉིས་བར་གྱི་ནང་འགལ་དེ་ཡོང་གི་མ་རེད་བ། ད་ལྟ་འདིར་ཕྱི་ལོགས་ཀྱི་མི་རྒྱུས་མེད་པ་ཞིག་གིས་བལྟས་པ་ཡིན་ན། ཨ་ལེ་ཁོང་ཚོའི་དོན་ཚན་གཅིག་གི་ནང་རྒྱལ་བ་རིན་པོ་ཆེའི་དགོངས་པ་གང་ཡོད་པ་འགྲོ་རྒྱུ་ཡིན་ཟེར་ནས་འཁོད་འདུག ཡང་དོན་ཚན་གཞན་པ་ཞིག་གི་ནང་སྲིད་དོན་གྱི་སྒང་ལ་སླེབས་དུས་རྒྱལ་བ་རིན་པོ་ཆེའི་ལངས་ཕྱོགས་དང་ཁོང་ཚོ་རྦད་དེ་ལོག་ཁ་རེད་འདུག་བསམ་པ་འདྲ་བོ་ཞིག་མཐོང་པ་ཡིན་ན། སྒྲིག་འཛུགས་ཀྱི་གནས་བབ་ལ་སྐྱོན་འགྲོ་ཡི་ཡོད་རེད་བསམ་གྱི་ཡོད། སྒྲིག་འཛུགས་ཀྱི་གནས་སྟངས་དེ་ཕྱི་གསལ་ནང་གསལ་དང་འགལ་བ་མེད་པ་ཞིག་ཡོང་དགོས་རེད་བ། དེ་བྱུང་བ་ཡིན་ན། དེ་ཚད་མ་རེད་ཟེར་ནས་ལབ་ཀྱི་རེད། དེ་མེད་ན་འགལ་འདུ་འདྲ་བོ་ཞིག་དང་འཐེན་ཁྱེར་འདྲ་བོ་ཞིག་བྱུང་པ་ཡིན་ན་དང་པོ་ནས་ཡ་མཚན་པོ་འདྲ་བོ་ཞིག་ཆགས་པ་རེད། དེ་ཞར་བྱུང་གི་གནས་ཚུལ་ཞིག་རེད།

ད་ལྟ་ངས་གསལ་བཤད་ཞུ་རྒྱུའི་དོན་དག་རྡོག་རྡོག་འདྲ་བོ་དེ་སྐྱབས་མགོན་རིན་པོ་ཆེ་གཞོན་ནུའི་ཚོགས་འདུར་ཞབས་སོར་མ་འཁོད་པ་དང་། ཚོགས་མི་ཚོར་མཇལ་ཁ་མ་གནང་བ་དེའི་རྒྱུ་མཚན་ལ་བརྟེན་ནས་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཏག་ཏག་བྱས་ནས་འགྲོ་མ་ཐུབ་པའམ། གྲོས་ཆོད་འཇོག་རྒྱུ་དང་རྒྱུན་ལས་འདེམས་པའི་ལས་དོན་ལ་འཐུས་ཤོར་ཕྱིན་པ་ཡིན་ན། དེ་ཁྱད་མཚར་པོ་ཞེ་དྲག་ཅིག་རེད། ཁྱད་མཚར་པོ་ཞིག་ཡིན་པ་ཙམ་དུ་མ་ཟད་དེས་གཞོན་ནུ་འཐོར་བ་རེད་ཟེར་བའི་ངན་ཁག་དེ་ཆ་ཚང་རྒྱལ་བ་རིན་པོ་ཆེའི་སྒང་ལ་སྤུངས་རྒྱུའི་བང་འདྲ་བོ་ཆ་ཚང་ཞིག་བསྒྲིགས་ཡོད་རེད་པ། སྐྱབས་མགོན་རིན་པོ་ཆེ་བཀའ་སློབ་མང་པོ་ཞིག་གནང་བ་རེད།དེ་ལ་བརྟེན་ནས་གཞོན་ནུའི་ནང་ནས་ཁ་ཤས་ཚོགས་འདུར་མ་ཡོང་བ་རེད། དེ་ལ་བརྟེན་ནས་རྒྱུན་ལས་བདམ་མ་ཐུབ་པ་རེད་ཟེར་བ་དང་། ཡང་མིན་ན་ལངས་ཕྱོགས་ལ་འགྱུར་བ་ཕྱིན་པ་རེད་ཟེར་བ་ག་རེ་ཡིན་ན་ཡང་གནས་ཚུལ་དེ་འདྲ་བྱུང་པ་ཡིན་ན། དྲུང་ཆེ་རྣམ་པ་ཚོའི་ཐུགས་ལ་དགོངས་ཡ་ལ་ཚོགས་འདུ་མཇུག་སྐྱོང་མ་ཐུབ་པའམ་རྒྱུན་ལས་གསར་པ་འདེམས་མ་ཐུབ་པའི་གནས་སྟངས་དེ་འདྲ་བྱུང་པ་ཡིན་ན། སྤྱིར་བཏང་བོད་མི་རིགས་ཀྱི་གནས་བབས་ཀྱི་ཐོག་ལ་ཡང་ཁག་པོ་ཞིག་རེད། ཁ་སང་དགའ་ལྡན་ཕོ་བྲང་གི་བཀའ་ལན་དེའི་ནང་གསལ་པོ་བྱས་ནས་འཁོད་ཡོད་རེད། མི་རིགས་སུ་དང་སུ་ཡིན་ན་ཡང་གཞོན་ནུའི་སྒྲིག་འཛུགས་དེ་གལ་ཆེན་པོར་བརྩི་ཡི་ཡོད་པ་ནང་བཞིན། ང་ཚོ་བོད་པས་ཀྱང་གཞོན་ནུའི་སྒྲིག་འཛུགས་དེ་གལ་ཆེན་པོ་ཡིན་པར་བརྩིས་ནས། ཐོག་མའི་གནས་སྐབས་ལ་སྐྱབས་མགོན་རིན་པོ་ཆེས་དངོས་ཤུགས་བརྒྱུད་གསུམ་ནས་གཟིགས་སྐྱོང་དང་མཐུན་འགྱུར་དཔལ་འབྱོར་གྱི་རྒྱབ་སྐྱོར་མང་པོ་ཞེ་དྲག་གནང་ཡོད་རེད། དེ་ལ་བརྟེན་ནས་གཞོན་ནུ་ལྷན་ཚོགས་ཟེར་བ་དེ་སྤྱི་ཚོགས་ནང་མཚན་མཐོང་ཆེན་པོ་ཆགས་ཡོད་རེད། ཡིན་ན་ཡང་བར་ལམ་ཞིག་ནས་རྩ་བའི་དམིགས་ཡུལ་ལ་འགྱུར་བ་ཕྱིན་པ་ཡིན་ན་ཕྱག་ལས་གནང་ཕྱོགས་དེ་ཡང་རྒྱལ་བ་རིན་པོ་ཆེ་ལ་ལྟོས་མེད་ཀྱི་བཟོ་འདྲ་བོ་མང་པོ་ཞིག་བྱུང་པ་དེའི་དབང་གིས། མཇལ་ཁ་ཞུས་པ་ཡིན་ན་ཡང་དེར་དགོས་པ་རྒྱུ་མཚན་ཡོད་རེད་པས་ཟེར་ནས་གསུང་དགོས་པའི་རྒྱུ་མཚན་དེ་ཆགས་ཡོད་རེད། དེར་བརྟེན་སྒྲིག་འཛུགས་དེ་རྩ་ཆེན་པོ་ཡིན་པ་ཚང་མས་ངོས་ལེན་གནང་དགོས་པ་ཞིག་དང་། སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་ན་ཡང་སྒྲིག་འཛུགས་ནང་ལ་བསྡད་ནས་འགྱུར་བ་གཏོང་རྒྱུའི་ཐབས་བྱེད་དགོས་པ་ཞིག་རེད། གང་ལྟར་སྒྲིག་འཛུགས་ནང་ཡོད་མཁན་ཚོ་ཡིན་ན་ཡང་རང་གི་བསམ་བློའི་བྱེད་ཕྱོགས་དང་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གཉིས་པོ་དེ། འགལ་ཟླ་མེད་པ་ཞིག་མཐོང་གི་ཡོད་པ་ཡིན་ན་སྒྲིག་འཛུགས་དེ་ཚད་མ་ཞིག་ཆགས་ཀྱི་རེད་པ།

དེ་རིང་ངས་ཁྱེད་རང་ཚོར་སྙན་གསེང་ཞུ་རྒྱུ་དེ་ཙམ་ཞིག་ཡིན། སྐྱབས་མགོན་རིན་པོ་ཆེ་མཇལ་ཁ་མ་གནང་བ་དང་ཚོགས་ཕེབས་མ་གནང་བ་དེ་ཆབ་སྲིད་ཀྱི་ཚོགས་པ་ཚང་མར་སྤྱི་མཚུངས་ཀྱིས་གནང་བ་ཞིག་མ་གཏོགས། དེའི་ཐོག་ནས་ཁྱེད་རང་ཚོ་འདྲོགས་དགོས་པ་ཡོད་མ་རེད་དོན་ཚན་དང་པོ་དེ་དེ་ཡིན། དོན་ཚན་གཉིས་པ་དེ་གཞོན་ནུ་ལྷན་ཚོགས་ཀྱི་མཛད་གཙོ་རྣམ་པ་ཁ་ཤས་ཀྱིས་བར་ལམ་ལོ་ལྔ་དྲུག་ཅིག་གི་ནང་ཕྱག་ལས་གནང་སྟངས་དེའི་ཐོག་ནས། རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་བྱུང་བའི་གཞི་རྩ་མང་པོ་བྱུང་ཡོད་རེད། དེ་བྱུང་བ་དེ་ང་ཚོས་ཁས་ལེན་གནང་དགོས་པ་ཞིག་རེད། སུས་བལྟས་པ་ཡིན་ན་ཡང་མཐོང་ཐུབ་པ་ཞིག་རེད།  ཡིན་ན་ཡང་མ་འོངས་པར་རྒྱུ་མཚན་དེ་ཚོར་བརྟེན་ནས་སྒྲིག་འཛུགས་ཁོ་རང་ཉམས་ཆག་འགྲོ་དགོས་པའི་གནས་སྟངས་གང་ཡང་ཡོད་མ་རེད། ནོར་བ་དེར་ནོར་བ་གཟིགས་པ་ཡིན་ན། སྒྲིག་འཛུགས་ཀྱིས་ནོར་བཅོས་དགོས་ཀྱི་ཡོད་རེད། བཅོས་ཐུབ་ཀྱི་མེད་པ་ཡིན་ན། འདུན་པ་མ་མཐུན་པ་དེ་ཚོ་རང་བཞིན་གྱིས་ཟུར་དུ་ཐོན་འགྲོ་བ་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད། དེ་འགྲོ་བ་མིའི་འགྲོ་སྟངས་འདྲ་བོ་ཆགས་ཡོད་རེད། དེ་ལ་ཞེ་དྲག་གནད་འགག་ཅིག་ཡོད་མ་རེད། དེ་གསལ་པོ་ཞིག་མ་གནང་བ་ཡིན་ན། མཇལ་ཁ་མ་གནང་བ་དང་ཚོགས་ཕེབས་མ་གནང་བ་ཙམ་གྱི་རྒྱུ་མཚན་ལ་བརྟེན་ནས། གཞོན་ནུ་སྐབས་༡༥ པའི་ཚོགས་ཆེན་དེ་སྔོན་མ་ཡོད་པ་ནང་བཞིན་ལས་རིམ་ཆ་ཚང་བ་ཕེབས་མ་ཐུབ་པ་ཡིན་ན། དེ་འགྲིག་གི་མེད་པ་ཞིག་རེད། གལ་སྲིད་ཕེབས་མ་ཐུབ་པ་ཡིན་ན་ཡང་དེ་གཞོན་ལྷན་རང་གི་ཐུགས་འགན་ཞིག་རེད་མ་གཏོགས། དགའ་ལྷན་ཕོ་བྲང་དང་རྒྱལ་བ་རིན་པོ་ཆེར་དེའི་ངན་ཁག་འཇོག་རྒྱུ་རྩ་བ་ནས་ཡོད་མ་རེད། དེ་གསལ་པོ་བཟོ་དགོས་པ་དེ་གལ་ཆེན་པོ་ཆགས་འདུག ཡག་པོ་ཞིག་ཆགས་པ་ཡིན་ན་ཡང་ཁྱེད་རང་ཚོའི་སྟོབས་དང་གཟི་བརྗིད་རེད། སྡུག་སྐྱག་ཅིག་ཆགས་པ་ཡིན་ན་ཡང་ཁྱེད་རང་ཚོས་བཟོས་གནང་བ་ཅིག་རེད་མ་གཏོགས་དེའི་ནང་རྒྱལ་བ་རིན་པོ་ཆེ་དང་དགའ་ལྡན་ཕོ་བྲང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བཟོས་གནང་བ་ཞིག་རྩ་བ་ནས་ཡོད་མ་རེད། དེ་ཐུགས་ནང་ལ་གསལ་པོ་འཇོག་དགོས་ཀྱི་ཡོད་རེད། མ་འོངས་པར་དེ་འདྲ་བྱས་ནས་ཆགས་སོང་གསུངས་པ་ཡིན་ན། དེ་དངོས་ཡོད་ཀྱི་གནས་ཚུལ་མིན་པ་ཞིག་ཆགས་འགྲོ་ཡི་རེད་ཞུ་རྒྱུ་ཡིན། ད་རེས་འདིར་གསལ་བཤད་ཞུ་རྒྱུའི་གོ་སྐབས་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཚོགས་འདུ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཐུགས་རྗེ་ཆེ་གནང་། །

གསུང་བཤད་འདི་ཀློག་མཁན་རྣམས་ཀྱིས་མཁྱེན་རྟོགས་ཆེད་བོད་ཀྱི་བང་ཆེན་གསར་ཁང་ནས་ཆ་ཚང་ཕབ་བཤུས་ཞུས་ཡོད།