གྲྭ་ཚེ་དབང་གྲགས་པ་གློད་གྲོལ།
རྒྱ་གཞུང་གིས་ལོ་ལྔའི་རིང་བཙོན་འཇུག་བྱས་པའི་ཁམས་བྲག་མགོའི་གྲྭ་ཚེ་དབང་གྲགས་པ་ཟླ་འདིའི་ཕྱི་ཚེས་༥ ཉིན་གློད་གྲོལ་ཐོབ་ཡོད་འདུག་ན་ཡང་། བཙོན་ཁང་དུ་མནར་གཅོད་ཚད་མེད་བཏང་རྐྱེན་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་མ་ཟད་ལག་པ་ཡ་གཅིག་ལ་གནོད་སྐྱོན་ཆེན་པོ་བཟོས་ཡོད་འདུག
དེ་ཡང་ཕྱི་ལོ་༢༠༠༨ ཟླ་༦ ཚེས་༦ ཉིན་བྲག་མགོ་རྫོང་གི་དགེ་འདུན་པ་ཚེ་དབང་གྲགས་པ་དང་ཁམས་རྟའུ་རྫོང་གི་དགེ་འདུན་པ་ཐུབ་བསྟན་རྒྱ་མཚོ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་དགེ་འདུན་པ་བྱང་ཆུབ་ཉི་མ་བཅས་ཀྱིས། ཁམས་བྲག་མགོ་རྫོང་ཐོག་ཏུ་ང་ཚོ་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལ་རང་དབང་དགོས་སྐོར་དང་། མི་ལོ་ལྔ་བཅུའི་རིང་ང་ཚོ་བོད་མི་རིགས་རྒྱ་མིའི་ཆབ་སྲིད་ཀྱི་འོག་བཙན་དབང་དང་འཇིགས་སྐུལ། རྡུང་རྡེག་དྲག་པོའི་འོག་བཅིངས་བསྡོམས་བྱས་ཡོད་སྐོར། ང་ཚོ་བོད་མི་རིགས་ལ་བཅིངས་གྲོལ་དགོས་སྐོར་སོགས་ཀྱི་ཞི་རྒོལ་སྐད་འབོད་གནང་བ་མ་ཟད། བསྐྱར་དཔར་བྱས་པའི་བོད་ཀྱི་རྒྱལ་དར་མང་པོ་གཏོར་འགྲེམས་བྱས་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་ཚོར་ཉེས་རྡུང་ཚད་མེད་བཏང་ནས་འཛིན་བཟུང་གིས་བྲག་མགོ་རྫོང་ཐོག་ཏུ་བཀག་ཉར་བྱས་རྗེས།
ཕྱི་ལོ་༢༠༠༨ ཟླ་༡༡ ཚེས་ ༥ ཉིན་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་དགེ་འདུན་པ་བྱང་ཆུབ་ཉི་མར་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ལོ་༣ དང་། དགེ་འདུན་པ་ཐུབ་བསྟན་རྒྱ་མཚོར་ལོ་༤ ། དགེ་འདུན་པ་ཚེ་དབང་གྲགས་པར་ལོ་ ༥ བཅས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་སྟེ་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ལྟར།
ཕྱི་ལོ་༢༠༡༡ ལོ་དང་༢༠༡༢ ལོ་བཅས་ལ་བྱང་ཆུབ་ཉི་མ་དང་ཐུབ་བསྟན་ཉི་མ་གཉིས་སྔ་རྗེས་སུ་དུས་བཀག་རྫོགས་ཏེ་གློད་ཐོབ་ཡོད་པ་དང་། དགེ་འདུན་པ་ཚེ་དབང་གྲགས་པ་ལོ་ལྔའི་རིང་རྒྱ་གཞུང་གིས་བཙོན་འཇུག་གིས་ཟླ་འདིའི་ཕྱི་ཚེས་༥ ཉིན་དུས་བཀག་བཙོན་འཇུག་གི་དུས་ཡུན་ཚང་སྟེ། ཕྱིར་རང་ཁྱིམ་དུ་ལོག་ཡོད་འདུག་ན་ཡང་ཁོང་གི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་པ་རེད།
