དགེ་འདུན་པའི་མཛད་ཕྱོགས་ཐོག་མཁས་པའི་བགྲོ་གླེང་།

ཟླ་འདིའི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་མེ་སོར་རྫོང་། སྦེལ་ཀོབ་ས་ཁུལ་གྱི་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་སེ་ར་བྱེས་གྲྭ་ཚང་དུ། དུས་རབས་དང་འབྲེལ་བའི་དགེ་འདུན་པའི་མཛད་ཕྱོགས་ཐོག་མཁས་པའི་བགྲོ་གླེང་ཞིག་སེར་བྱེས་གྲྭ་ཚང་གི་གོ་སྒྲིག་འོག་འཚོགས་ཡོད་པ་རེད།

དེ་ཡང་ཐོག་མར་བགྲོ་གླེང་དབུ་འཛུགས་སྐབས་སེར་བྱེས་མཁན་རིན་པོ་ཆེ་དགེ་བློ་བཟང་བདེ་ལེགས་ཀྱིས་བགྲོ་གླེང་གི་དགོས་པ་དང་དམིགས་ཡུལ་སྐོར་ངོ་སྤྲོད་ཅིག་གནང་སྟེ། “དེ་རིང་གི་ཚོགས་འདུ་འཚོགས་ས་སེར་བྱེས་གྲྭ་ཚང་དང་། ཚོགས་འདུར་མཉམ་ཞུགས་གནང་མཁན་ཡང་ཚོགས་ནང་གང་ཤོང་བ་འདི་ཙམ་རེད། ཡིན་ནའང་། ཚོགས་འདུ་འདིའི་ཕན་རླབས་ཀྱི་གྲུབ་འབྲས་རང་རེ་ནང་པའི་དགེ་འདུན་པ་དང་། ཆོས་སྡེ་ཡོངས་ལ་ཡོང་བའི་ཡིད་ཆེས་དང་དམིགས་ཡུལ་འཛིན་གྱི་ཡོད།” ཅེས་དང་། ཁོང་གིས་མུ་མཐུད་དུ། ༸གོང་ས་སྐྱབས་མགོན་རིན་པོ་ཆེས་བཀའ་སློབ་སྔ་ཕྱི་ཕེབས་པ་ལ་བརྟེན་ནས་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་ཅེས། ༸གོང་ས་མཆོག་གིས་ ༡༩༦༠ ལོ་ནས་སྔ་ཕྱི་རིམ་པར་བསྩལ་གནང་བའི་བོད་ཀྱི་དགེ་འདུན་པ་ཚོས་དུས་རབས་དང་མཐུན་པའི་འགྲོ་སྟངས་ཤིག་དགོས་པའི་སྐོར་ཀྱི་བཀའ་སློབས་ཁག་ཅིག་སྒྲོགས་སྦྱང་གནང་སོང་བ་དང་། མཐར་མཁན་རིན་པོ་ཆེས་རིས་མེད་ཀྱི་ཆོས་སྡེ་གཞན་དག་གིས་ཀྱང་འདི་ལྟར་བགྲོ་གླེང་བྱེད་རྒྱུའི་ཡིད་ཆེས་གནང་གི་ཡོད་པ་དང་། སེར་བྱེས་ནས་ཀྱང་འདྲ་ཆགས་ཆགས་ཤིག་གི་ཆེད་དུ་མིན་པར་དོན་དངོས་ཀྱི་ཐོག་ནས་བགྲོ་གླེང་གི་སྙིང་དོན་ལག་བསྟར་དོན་འཁྱོལ་གནང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་སྐོར་གསུངས་སོང་།

དུས་རབས་དང་འབྲེལ་བའི་དགེ་འདུན་པའི་མཛད་ཕྱོགས་ཐོག་བགྲོ་གླེང་གསུང་བཤད་གནང་མཁན་དག་ནི་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྟོན་པ་དང་མ་དྷ་ར་སི་ཆེས་མཐོའི་གཙུག་ལག་སློབ་གྲྭའི་སློབ་དཔོན་ཆེན་མོ་ཌག་ཊར་རམ་མུ་ནི་ཝ་ནམ། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ། དགེ་བཤེས་བློ་བཟང་དམ་ཆོས། སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས། ཤསྟྲི་བློ་བཟང་ནོར་བུ། ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་བཅས་ཡིན་པ་རེད།

ཁོང་རྣམ་ཀྱིས་རིམ་བཞིན་༸གོང་ས་མཆོག་གི་དགོངས་གཞི་མཐར་ཐུག་གང་ཡིན་པ་དང་། ཤེས་ཡོན་ཐོག་ཕྱི་ནང་ཀུན་དང་འབྲེལ་བ་དགོས་པ་གལ་ཆེའི་སྐོར། དེ་བཞིན་བོད་པའི་དགེ་འདུན་པས་འཛམ་གླིང་གི་སྐྱེ་འགྲོ་ཡོངས་ལ་ཕན་བདེ་གང་བསྐྲུན་ཐུབ་མིན་དང་། དེའི་དགེ་མཚན་སོགས་བརྗོད་གཞི་མ་འདྲ་ཁག་བརྒྱད་ཀྱི་ཐོག་ཉིན་གཉིས་ཀྱི་རིང་ལ་བགྲོ་གླེང་གནང་ཡོད་པ་རེད།།

མེ་སོར་གསར་འགོད་པས།