༄༅།།སྒོ་ཤེས་རབ་རྒྱལ་མཚན་གྱི་གནས་ཚུལ་ནི་ནོར་འཁྲུལ་ཅན་གྱི་བསམ་ཕྱོགས་དང་འབྲེལ་ཡོད།
ཉེ་འཆར་བོད་ནང་གི་རྩོམ་པ་པོ་གྲགས་ཆེན་དང་བསམ་བློ་བ་གྲགས་ཆེན་སྒོ་ཤེས་རབ་རྒྱལ་མཚན་ལགས་དགོན་པ་ནས་ཕྱིར་མཐོན་དགོས་བྱུང་བའི་གནས་ཚུལ་འདི་བོད་ཕྱི་ནང་གཉིས་སུ་ཧ་ཅང་གྲགས་ཆེ་བའི་གནས་ཚུལ་ཞིག་ཡིན་པ་མ་ཟད་མང་པོ་ཞིག་གིས་སྒོ་ཤེས་རབ་རྒྱལ་མཚན་ལ་དད་གུས་དང་དགའ་ཞེན་གྱི་བསམ་པ་ཞིག་ཁྱེར་ནས་ཁོང་ནི་བོད་ཀྱི་རྩོམ་པ་པོ་དང་བསམ་བློ་བ་གྲགས་ཆེན་ཞིག་ཡིན་ཚུལ་དང་ཁོང་གི་ལངས་ཕྱོགས་དང་བསམ་བློ་ལ་རྒྱབ་སྐྱོར་བྱེད་རྐྱང་ལས་ཕྱོགས་གཉིས་ཀ་ལ་བསམ་བློ་བཏང་ནས་དགོངས་འཆར་གསུང་མཁན་རེ་གཉིས་ལས་མེད་པ་རེད།
དགོན་པ་ཞིག་གི་འཛིན་སྐྱོང་ལས་ཀ་ནི་ཧ་ཅང་དཀའ་ལས་ཆེ་བའི་བྱ་བ་ཞིག་ཡིན་ལ་དགོན་པ་དེའི་འགན་ཡོད་ཚད་འཛིན་སྐྱོང་གི་ངོས་ནས་འཁྱེར་དགོས་པ་རེད། དེ་འདྲ་སོང་ཙང་གྲྭ་དམངས་ཀྱི་ནང་ནས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་སྤེལ་བ་དང་ཡང་ན་ཉེན་ཚབ་ཆེ་བའི་རྩོམ་ཡིག་དེ་འདྲའི་རིགས་སྤེལ་བ་ཡིན་ན་འགན་ཡོངས་རྫོགས་འཛིན་སྐྱོང་ཚོགས་པ་ལ་ཡོད་པ་མ་ཟད་དགོན་པ་ལ་ཡང་སྐུ་ངལ་འཕྲད་སྲིད་པ་སོགས་ཀྱི་དགོངས་པ་ཡོད་སྲིད་པ་རེད།
དེ་འདྲ་སོང་ཙང་ངས་ཕྱོགས་གཉིས་ཀ་ལ་ནོས་འཁྲུལ་ཡོད་པར་ངོས་འཛིན་བྱེད་བཞྀན་ཡོད་པས་དང་པོ་འཛིན་སྐྱོང་ཚོགས་པས་གསལ་བསྒྲགས་དེ་སྤེལ་རྗེས་གནད་ལུགས་གང་ཡང་མ་བཤད་པར་གྱོད་ཉལ་བྱེད་པ་དེ་འཛིན་སྐྱོང་ཚོགས་པའི་ཕྱོགས་ཀྱི་ནོར་འཁྲུལ་ཡིན་ལ་སྒོ་ཤེར་རང་ཉིད་ཀྱིས་དགོན་པ་དང་ཁ་བྲལ་བ་དེ་ཡང་ཁོང་གི་ནོར་འཁྲུལ་ཞིག་ཡིན་པར་འདོད། གང་ཡིན་ཟེར་ན་ཁོང་གིས་དགོན་པར་བསྡད་ནས་གྲྭ་དམངས་ཀྱི་རྒྱབ་སྐྱོར་འཚོལ་དགོས་་པ་ལས། རྒྱུགས་ཟེར་མཁན་མེད་པར་རང་ངོས་ནས་དེ་ལྟར་འགྲོ་བ་ནི་རང་ཉིད་ཀྱི་མདུན་དུ་ལྷག་པའི་དཀའ་ངལ་ལ་གདོང་ལེན་མ་མཛད་པར་སོང་བ་ཞིག་ཡིན་པ་རེད་འདོད།
གྱོད་ཉལ་ཟེར་བ་ནི་བོད་ནང་གི་དགོན་སྡེ་མང་ཆེ་བ་ལ་ཡོད་པའི་ལམ་ལུགས་ཤིག་ཡིན་ལ་མིང་ཁ་ཁར་དང་ཉེས་པ་ཆེ་ཆུང་ལ་མ་ལྟོས་པར་ལམ་ལུགས་དེ་དགོན་སྡེ་མང་ཆེ་བ་ལ་ཡོད་པའི་ལམ་ལུགས་ཤིག་རེད།
རྩོམ་པ་པོ་ཁོ་རང་ལ་རང་མོས་ཆ་ཚང་ཡོད་དགོས་ཟེར་བདེ་ཡང་ང་ཚོ་བོད་པའི་སྐྱོན་ཆ་ཆེ་ཤོས་ཤིག་ཡིན་པར་རང་ངོས་ནས་ངོས་འཛིན་བྱེད་བཞྀན་ཡོད། གང་ཡིན་ཟེར་ན་བྱ་བ་ཅི་ཞིག་བྱས་ཀྱང་ཚོགས་པ་དེའི་ཁྲིམས་ལུགས་དང་མཐུན་དགོས་པ་དང་ཀུན་ལ་ཕན་པའི་བྱ་བ་ཞིག་ཡོང་ཐབས་བྱེད་དགོས་པ་ནི་གཙོ་བོ་རེད་ལ་གནད་ལུགས་དང་མཐུན་པ་ཞིག་ཀྱང་ཡིན་དགོས། དེང་སྐབས་ང་ཚོ་བཙན་བྱོལ་བའི་ཁྲོད་དུ་ཡང་བསམ་བློ་དེ་འདྲ་ཁུར་མཁན་མང་པོ་ཡོད་པ་རེད། ངས་བསམ་བློ་དེ་འདྲ་ཡོད་མཁན་ཚོར་རང་མོས་རིང་ལུགས་པ་ཟེར་གྱི་ཡོད། རང་དབང་ཁ་ལ་འཁྱེར་ནས་རང་གིས་གང་བསམ་གང་འདོད་དུ་བྱེད་བཞྀན་པ་འདིས་རྒྱལ་ཁབ་དང་མི་རིགས། ཚོགས་པ་དང་། མི་སྒེར་སུ་་འདྲ་ཞིག་ཡིན་རུང་དཀའ་ངལ་མི་ཉུང་བ་ཞིག་སྤྲོད་ཀྱིན་ཡོད་པ་ཀུན་གྱི་མཐོང་ཆོས་སུ་གྲུབ་ཡོད་པ་རེད། ཉེ་འཆར་བློ་བསང་སེང་གེས་བོད་མི་སྐྱབསས་བཅོལ་བ་ཚོས་རྒྱ་་གར་གྱི་མི་སེར་ལག་ཁྱེར་བཟོ་འདོད་ཡོད་་ན་རང་དབང་ཡིན་སྐོར་གསུངས་པ་དེ་ལ་ཆ་བཞག་ནས་བཤད་ན། མི་མང་པོ་ཞིག་གིས་རང་ཉིད་ཀྱི་ཐོབ་ཐང་དང་རང་དབང་ཁ་ལ་་ཁྱེར་ནས་རང་ཉིད་མི་རིགས་འདིའི་འཐབ་རྩོད་པ་ཞིག་ཡིན་པ་བརྗེད་སོང་བ་དང་ཡང་ན་རང་ཉིད་ཀྱི་མེས་པོ་གོང་མའི་སྐུ་དྲིན་དང་ཕུགས་བསམ་འབྲེལ་མེད་དོན་གཞན་དུ་བཞག་པར་སོང་བས་དེས་བོད་མིི་རིགས་དང་བོད་ཀྱི་རིག་གནས་རྒྱུན་འཛིན་སོགས་ལ་སྐྱོན་ཆ་ཆེན་པོ་ཡོང་གི་ཡོད།
འཛམ་གླིང་འདིའི་ཐོག་ནས་ང་ཚོ་སྐྱབས་བཅོལ་བ་ཡིན་པ་ངོ་ཤེས་བྱེད་ནི་སྐྱབས་བཅོལ་ལག་དེབ་དེ་ཡིན་པ་དང་མི་སྒེར་སོ་སོའི་ངོས་ནས་བདེ་སྐྱིད་ཡོད་ས་དང་རང་དབང་ཡོད་ས་ཞིག་ཡོད་ན་གང་བྱས་ཀྱང་འགྲོ་རྐྱང་དང་ཤོར་རྐྱང་བྱེད་པ་འདི་འགན་མ་ཁུར་བའི་སྤྱོད་ཚུལ་ཞིག་རེད། ད་བར་སྐྱབས་བཅོལ་བའི་ལག་ཁྱེར་ལག་ཏུ་བཟུང་ནས་ཕྱི་གླིང་དུ་སྒོར་མོ་མང་པོ་སྤྲད་ནས་འགྲོ་བཞྀན་པ་ཧ་ཅང་གི་མང་པོ་ཡོད་པ་འདི་དག་ཀྱང་རང་ཉིད་བོད་པ་ཡིན་པའི་འདུ་ཤེས་རྣལ་མ་དེ་བརྗེད་ནས་རང་དང་རང་གི་ཁྱིམ་ཚང་དོན་དུ་ཕྱི་གླིང་ཞིག་ལ་འགྲོ་བཞིན་ཡོད་པ་ལས། དོན་དངོས་ལས་འབྲས་ཀྱིས་གནང་བའི་རང་ཉིད་ཀྱི་བྱ་བ་བོད་བསྟན་སྲིད་ཀྱི་དོན་དུ་ནུས་ཤུགས་འདོན་རྒྱུ་དེ་ལྟག་རྒྱབ་ཏུ་བསྐྱུར་ནས་སྒོར་མོའི་དོན་དུ་སོང་བ་དེ་ཡང་རང་དབང་རང་ཐོབ་ཐང་ཁ་ལ་ཁྱེར་ནས་སོང་བ་ཞིག་རེད།
ཕྱི་གླིང་དུ་སོང་ནས་རྒྱལ་ཁབ་ག་གེ་མོ་དེའི་མི་སེར་ལག་ཁྱེར་བཟོས་རྗེས་ཧ་ལམ་རང་ཉིད་བོད་མི་ཡིན་པའི་འདུ་ཤེས་དེ་བརླགས་ཚར་བ་རེད། འདི་ལྟར་བོད་ཀྱི་རྒན་རབས་པ་ཚོ་སོང་ན་དེའི་རྗེས་སུ་ན་གཞོན་ཚོ་ཡང་འགྲོ་ངེས་རེད། དེ་ནས་ག་ལེར་དགོན་སྡེ་ཁག་དང་ཚོགས་པ་ཁག་ཚང་མའི་ནང་ནས་རྒྱལ་ཁབ་ག་གེ་མོ་ཞིག་གི་མི་སེར་བྱས་ནས་སྡོད་པ་ལས་དོན་དངོས་རང་ཉིད་དང་རང་གི་བླ་མ་འཁོར་བཅས་ཤུལ་ལུས་བོད་མི་ཚོས་སྐོམ་པ་ཆུ་འདོད་ལྟར་སྒུག་བཞྀན་པ་དེ་ཀླད་པའི་དཀྱིལ་ནས་བརྗེད་སོང་བ་མ་ཟད། བོད་མི་རིགས་འདི་ལོ་རབས་ནས་ལོ་རབས་ལ་གནས་དགོས་པ་དང་འདས་པོ་ཚོའི་ཚེ་སྲོག་ལ་རིན་ཐང་བསྐྲུན་རྒྱུས་གཙོས་པའི་རང་ཉིད་ཀྱི་མགོ་ཐོག་དུ་བབས་པའི་བྱ་བ་ཡོད་ཚད་བཞག་ནས་སྒོར་མོ་ཞིག་གི་དོན་དུ་ཡོད་ཚད་ནས་ཡོད་ཚད་བསྐྱུར་བཞག་པ་འདི་ཡང་རང་དབང་དང་ཐོབ་ཐང་ཁ་ལ་ཁྱེར་ནས་ཆོས་ཀྱི་ལས་འབྲས་དང་འཇིར་རྟེན་གྱི་བཟང་སྤྱོད་གང་དང་ཡང་མི་མཐུན་པའི་བྱ་བ་ཞིག་བྱེད་བཞྀན་ཡོད་པ་རེད།
དེ་འདྲ་སོང་ཙང་ང་ཚོས་གང་བྱས་ཀྱང་རང་དབང་དང་ཐོབ་ཐང་ཡོད་ཟེར་ནས་བསམ་གཞིགས་གང་ཡང་མེད་པར་བྱ་བ་འདི་འདྲ་ལ་བཞུགས་ན་རྩ་བ་ནས་མི་འགྲིག་པ་རེད། ངས་འདི་ནས་བཤད་འདོད་པའི་སྐད་ཆ་དེ་དག་ཡིན་པས་རིགས་གཅིག་སྤུན་ཟླ་ཚོས་དགོངས་འཆར་གང་མང་གསུངས་རྒྱུའི་རེ་བ་ཡོད། སྐྱོན་དང་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ་རྒྱུ་ཡིན་ལ་སྐྱོན་དང་ནོར་འཁྲུལ་ཡོད་ཚད་སེམས་ནང་དུ་མ་བཞག་པར་གསལ་པོར་གསུངས་རོགས་ཞུ།།།།