༢༠༥༠ ལོར་འཛམ་གླིང་མི་འབོར་དུང་ཕྱུར་༩༦བར་འཕར་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་ཏུ་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ་ཚོད་དཔག་བྱས་པ་ལྟར་ན། མ་འོངས་པའི་ལོ་༡༢ ནང་འཛམ་གླིང་གི་མི་འབོར་དུང་ཕྱུར་༡༠ འཕར་རྒྱུ་ཡིན་པ་དང་། མིའི་གྲངས་འབོར་འཕར་བའི་ས་ཁུལ་མང་ཆེ་བ་ནི་ཨ་ཧྥི་རི་ཁ་སོགས་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ཡིན་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྲི་ཞུ་ཁང་གིས་ཟླ་འདིའི་ཕྱི་ཚེས་༡༢ ཉིན་བཏོན་པའི་སྙན་ཐོ་དེའི་ནང་འཁོད་པ་ལྟར་ན། ཕྱི་ལོ་༢༠༢༥ བར་འཛམ་གླིང་གི་ད་ལྟའི་མི་འབོར་དུང་ཕྱུར་༧༢ ཡོད་པ་ནས་དུང་ཕྱུར་༨༡ བར་འཕར་རྒྱུ་ཡིན་པ་དང་། ཕྱི་ལོ་༢༠༥༠ སླེབས་སྐབས་དུང་འཕྱུར་༩༡ བར་འཕར་རྒྱུ་ཡིན་པ་རེད། དེ་དག་གི་རྒྱུ་རྐྱེན་གཙོ་བོ་ནི་ཕྲུ་གུའི་སྐྱེ་ཚད་མཐོ་བའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་དང་རྒྱ་གར། ཨན་ངྷི་ནི་ཞི་ཡ། པ་ཀི་སི་ཐན། ཧྥི་ལི་པི། དེ་བཞིན་ཨ་རི་སོགས་མི་གྲངས་མང་བའི་རྒྱལ་ཁབ་ཀྱི་མི་གྲངས་འཕར་ཚད་མཐོ་བས་ཡིན་འདུག
འབྱུང་འགྱུར་གྱི་ལོ་༣༧ ནང་ཡར་ཐོན་ཅན་གྱི་ས་ཁུལ་གྱི་མིའི་གྲངས་འབོར་དེ་མུ་མཐུད་དུ་ད་ལྟའི་དུང་ཕྱུར་༡༣ ཚད་ཀྱི་གཡས་གཡོན་དུ་གནས་རྒྱུ་ཡིན་པ་རེད། ཕྲུ་གུའི་སྐྱེ་ཚད་མཐོ་བའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་༢༧ གྱི་ནང་དུ་བུད་མེད་རེར་ཆ་སྙོམས་ཕྲུ་གུ་༥ ཡན་ཆད་སྐྱེས་ཀྱི་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྙན་ཐོ་དེའི་ནང་འཁོད་པ་ལྟར་ན། འཛམ་གླིང་གི་མིའི་གྲངས་འབོར་འཕར་བའི་རྒྱུ་རྐྱེན་གཞན་ཞིག་ནི་ཆེས་ཡར་རྒྱས་མེད་པའི་རྒྱལ་ཁབ་ཁག་གི་མིའི་ཚེ་ཚད་རིང་དུ་སོང་ཡོད་པ་དང་། དེའི་ཁྲོད་ཀྱི་རྒྱལ་ཁབ་མང་པོ་ཞིག་ལ་གཉན་ནད་རེག་དུག་གི་ན་ཚས་ཤུགས་རྐྱེན་ཐེབས་ཡོད་འདུག རྒྱལ་ཁབ་དེ་དག་གི་མིའི་ཆ་སྙོམས་ཀྱི་ཚེ་ཚད་དེ་༢༠༠༥ ནས་༢༠༡༠ ཡི་ཚེ་ལོ་༥༠ ཡིན་པ་དང་༢༠༢༥་ནས་༢༠༥༠ བར་དུ་ལོ་༧༠ ཡི་ཚེ་ཚད་ཡིན་པ་རེད།
སྙན་ཐོ་དེའི་ནང་དུ་སྔོན་དཔག་བྱས་པའི་དོན་དག་གཙོ་བོ་གཞན་ཞིག་ནི། རྒྱ་གར་གྱི་མི་འབོར་དེ་ཕྱི་ལོ་༢༠༢༨ ལོའི་གཡས་གཡོན་དུ་རྒྱ་ནག་གི་མི་འབོར་ལས་མང་དུ་འགྲོ་རྒྱུ་ཡིན་པ་དང་། དེའི་སྐབས་ཀྱི་རྒྱ་དཀར་ནག་གཉིས་ཀྱི་མི་འབོར་དུང་ཕྱུར་༡༤ .༥ ཡས་མས་ཡིན་པ་རེད།