སྒོ་ཤེར་ལ་རྒྱང་བལྟ་བྱས་པ།།
རྔ་བའི་སྐུ་ཞབས་སྒོ་ཤེར་ལགས་ཀྱིས་《ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་།》ཞེས་པའི་སྦྱར་ཡིག་ཅིག་འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དེང་ཕྱིན་ཀིརྟི་དགོན་པའི་ཁོར་ཡུག་ནང་དུ་དགེ་འདུན་པ་ཕན་ཚུན་ལ་སྐྱོན་བརྗོད་ཀྱི་ལྐོག་སྦྱར་རིགས་སྤེལ་མི་ཆོག་པ་དང་། གལ་ཏེ་སྤེལ་མཁན་བྱུང་ཚེ་རྩད་གཅོད་ནན་མོ་བྱེད་ངེས་ཡིན་པ་མ་ཟད། ཤེས་རྟོགས་བྱུང་ཚེ་མཐོ་དམན་སུ་ཞིག་ཡིན་རུང་དགོན་པ་ནས་གནས་དབྱུང་གཏོང་ངེས་ཡིན་ཟེར་བ་དང་། ད་དུང་རྩོམ་ཡིག་དང་ཚགས་པར་སོགས་ག་འདྲ་ཞིག་ཡིན་རུང་ཐམས་ཅད་དགོན་པའི་ཤེས་ཡོན་འགན་འཛིན་ལྷན་ཚོགས་ཀྱིས་བཀའ་འཁྲོལ་མ་ཐོབ་པར་གང་བྱུང་དུ་འགྲེམས་སྤེལ་བྱེད་མི་ཆོག་ལ།
གལ་ཏེ་འགན་འཛིན་ལྷན་ཚོགས་ཀྱིས་ཆོག་མཆན་མ་ཐོབ་པར་བཀྲམ་སྤེལ་བྱས་ན་ནི་དཔེ་ཆ་སོགས་གཞུང་བཞེས་བྱེད་པ་མ་ཟད་ཆད་པའང་ནན་མོ་གཅོད་རྒྱུ་ཡིན་ཞེས་《 གྲོས་ཆོད་ཡི་གེ》ཞིག་གསལ་བསྒྲགས་བྱས་པ་དེའི་རྐྱེན་བྱས་པ་ཡིན་ཟེར། དེས་ན་སྐུ་ཞབས་སྒོ་ཤེར་ལགས་ཀྱིས་གཡག་མ་འགུལ་སྔོན་ནས་ཟེ་བ་འགུལ་ཞེས་པ་ལྟར། གྲྭ་ཚང་ནང་གི་གྲྭ་བ་ཕན་ཚུན་ལ་སྐྱོན་བརྗོད་ཀྱི་ལྐོག་ཡིག་སྦྱར་བ་སོགས་དགོན་པའི་སྒྲིག་ཁྲིམས་དང་མི་མཐུན་པའི་སྤྱོད་ལམ་རིགས་ལའང་ཁྲིམས་སྡོམ་མི་ཆོག་པར་བཤད་མི་འདུག་གམ། དེ་མིན་ན་ཁྱེད་ཀྱིས་རྩོམ་ཡིག་གང་དང་གང་ཞིག་ལ་ཤེས་རིག་ལྷན་ཚོགས་ཀྱིས་ཆོག་མཆན་མ་ཐོབ་པས་ཞེ་འཁོན་ཞིག་འཛིན་རྒྱུ་ཡོད། གལ་ཏེ་རྩོམ་པ་པོ་ཞིག་གིས་རྩོམ་ཡིག་དང་ཚགས་པར་སོགས་དགོན་པ་གྲྭ་ཚང་གི་ཁོར་ཡུག་ནང་ལ་འགྲེམ་སྤེལ་བྱེད་པ་ཡིན་ན། ཤེས་རིག་ལྷན་ཚོགས་ལ་སྤྱན་བསྟར་ཞིག་བྱས་པ་ལ་ནི་སྐྱོན་མེད་པ་མ་ཟད། ཁོ་ཚོས་ཡང་དགོན་པའི་སྒྲིག་ལམ་ལ་འགན་ཞིག་འཁུར་ནས་བརྟག་དཔྱད་རེ་བྱེད་རྒྱུ་གལ་ཆེན་པོ་རེད་སྙམ། གང་ཡིན་ཞེ་ན། གོང་དུ་ཤེས་ལྷན་གྱིས་གྲོས་ཆོད་ཡི་གེའི་ནང་ལ་ད་ནས་བཟུང་སྟེ་དགེ་འདུན་པ་ཕན་ཚུན་གྱི་བར་ལ་སྐྱོན་བརྗོད་རིགས་མ་སྤེལ་ཞེས་འགོག་ཐབས་བྱེད་པ་ལ་བལྟས་ན། དེ་སྔོན་གནས་ཚུལ་མི་ལེགས་པ་ཁ་ཤས་རེ་བྱུང་ཡོད་པ་རྟོགས་ཐུབ་ཀྱི་འདུག །དགོན་པ་སྤྱི་དང་གྲྭ་ཚང་སྤྱིའི་ལས་དོན་ལ་ཐུགས་འཁུར་གནང་ནས་ཕྱག་ལས་དེ་དག་མཛད་པ་ནི་དགའ་འོས་པ་དང་ཡོད་དགོས་པ་ཞིག་རེད། དེ་མིན་སྐབས་འཚོལ་བ་ཁ་ཤས་ཀྱིས་འཆལ་རྩོམ་ཐར་ཐོར་རེའི་རྐྱེན་བྱས་ནས་དགོན་པ་གྲྭ་ཚང་ལ་གནོད་སྐྱོན་ཆེན་པོ་ཞིག་དང་། མི་སྒེར་གང་རུང་ལ་དཀའ་ངལ་ཆེན་པོ་རེ་སྤྲད་པ་ཡིན་ན། དེ་དུས་དེའི་འགན་ཁུར་དེ་སུ་ལ་ཡོད་མེད་དང་སུས་འཁུར་དགོས་མིན་ཤེས་དགོས་པ་གལ་ཆེན་པོ་རེད། སྔོན་མ་ཞིག་ལ་སྒོ་ཤེར་གྱིས་《ང་ཚོ་སད་རན》ཞེས་པའི་དེབ་ཅིག་བྲིས་པ་ལ་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཅུང་ཟད་ཐེབས་ཡོད་པར་བཤད། ཡིན་ནའང་ད་རེབ་ཁོང་གིས་ཀིརྟི་དགོན་པའི་ནང་ལ་སྒེར་གཅོད་ཁྲིམས་ལུགས་མ་གཏོགས་དམངས་གཙོའི་ཡང་དག་པའི་ལམ་ཁ་མི་འདུག་ཅེས་རྔ་བ་ཀིརྟི་དགོན་པ་དེ་དམར་ཤོག་དབང་བསྒྱུར་འོག་ཏུ་གནས་མེད་པའི་ཟོལ་འདྲ་ཞིག་ལབ་པ་དེས་ནི། ཁོང་གིས་མི་ལ་གཉིད་ལས་སད་བསྐུལ་བྱས་པ་མ་གཏོགས་དོན་དུ་རང་ཉིད་ལ་མི་ལོ་སུམ་ཅུའི་ཉམས་མྱོང་དང་། དགོན་པའི་སྒྲིག་ལམ་དེ་རྒྱ་ཁྲིམས་འོག་གི་ཆོས་ཁྲིམས་ཡིན་ཞེས་རྟག་ཏུ་མ་ཎི་བགྲང་བགྲང་བྱས་པའི་ཁོར་ཡུག་དེའི་གོམ་གཤིས་དང་། དམར་གཞུང་གཅིག་བསྡུད་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཤིག་ཡིན་པར་རྟོགས་པའི་གཉིད་མཐུག་པོ་ལས་སད་མེད་པ་ཞིག་བསྟན་འདུག ། ང་རང་ལའང་འདིའི་སྐོར་ལ་ཉམས་མྱོང་དག་ཙམ་ཞིག་ཡོད། དགོན་པ་སྤྱིའི་འགན་ཁུར་བ་ཞིག་ཡིན་ཕྱིན། གྲྭ་བ་ཚང་མ་ལ་ཞེ་མ་མཐུན་པ་ལྟ་བུ་ཞིག་ཆགས་འགྲོ་གྱི་ཡོད། དེ་ནི་དགོན་པའི་སྒྲིག་ཁྲིམས་མ་བསྡམ་ན་ཡང་མི་ཉན། སྒྲིག་ཁྲིམས་ལེགས་པོ་ཞིག་ཡོང་ཐབས་ལ་བརྩོན་ན་ཡང་གྲྭ་བ་ཆེ་ཆུང་མང་པོ་ཞིག་གིས་ཐུགས་ལ་མི་འབབ། ཐད་ཀར་སུ་གང་ལ་མི་དགའ་དོན་མེད་རུང་། དགོན་པ་སྤྱིའི་ལས་དོན་ལ་ལག་པ་འཆང་ན་གྲྭ་བ་ཁ་ཤས་ཀྱིས་དམག་ཆས་གྱོན་པའི་དམག་མི་ཞིག་ལས་འཁོན་འཛིན་ཆེ་བ་བྱེད་པའང་ཡོད། དེ་ནི་རང་ལ་ཉམས་མྱོང་མེད་པའི་རྐྱེན་གྱིས་རེད། ༠༦/༡༣/༢༠༡༣