རེ་བའི་མིག་ཟུང་།

སྐྱེས་གཟུགས་ལང་ཚོ་ལྷ་མོར་འགྲན་ཡང་ཆོག །
སྟོབས་དང་འབྱོར་པ་ཀླུ་མོར་འགྲན་ཡང་ཆོག །
ཉམ་ཆུང་མི་བུའི་རང་གཤིས་དྭངས་མ་ལ། །
ནམ་ཡང་ཁྲེལ་ཁ་མ་འཇོག་མཛའ་ན་མོ། །

ཞལ་རས་བཅོ་ལྔའི་དུང་ཟླ་འདྲ་ཡང་ཆོག །
གསུང་སྙན་དྲི་ཟའི་གླིང་བུ་འདྲ་ཡང་ཆོག །
མི་བུ་བདག་གི་བཅོས་མིན་སྙིང་གཏམ་ལ། །
ནམ་ཡང་རིན་ཐང་མ་ཆུང་གནང་མཛའ་ན་མོ། །

འཇིག་རྟེན་ལྟ་ལུཊ་གཅིག་ལ་མཐོང་ལུཊ་གཉིས། །
ཡོད་པར་འདོད་པའི་སྤྱི་ཚོགས་གྲུ་ཟུར་ནས། །
ཁྱེད་དང་འཕྲད་པའི་ཁྲེལ་མེད་མགོ་སྟོང་ངས།།
རེ་བའི་མིག་ཟུང་བགྲད་ཡོད་མཛའ་ན་མོ། །

འོན་ཀྱང་མ་བཅོས་ལྷག་བསམ་གཙང་མའི་མདངས། །
རིན་ཐང་རྟོགས་པར་རེ་བའི་མིག་ཟུང་འདི། །
འདུ་བྱེད་གཡར་པོ་ས་འོག་མ་ནུབ་བར། །
ཡང་ཡང་ཁྱེད་ལ་བགྲད་ངེས་མཛའ་ན་མོ། །

འདི་ལྟར་བྲིས་པའི་ནོང་པ་གང་མཆིས་ཀུན། །
མི་བུ་བདག་ལ་ལེགས་ཉེས་ཇི་བྱུང་ཡང་། །
འགྱུར་མེད་དམ་བཅའ་རྡོ་རྗེའི་གུར་ཁང་ནས། །ནམ་ཡང་མི་འདའ་སྙིང་གི་མཛའ་ན་མོ། །