བོད་མི་དགེ་རྒན་ཞིག་ལ་ཁྲིམས་ཆད།
ཉེ་ཆར་རྒྱ་ནག་གཞུང་གིས་བོད་མདོ་སྨད་རྨ་ལྷོ་རེབ་གོང་གི་དགེ་རྒན་གནམ་མཁའ་བྱམས་ལ་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་ལོ་༦ གི་ཁྲིམས་ཐག་བཅད་འདུག
དེ་ཡང་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༢ བའི་ནང་རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེར་སྲེག་སྐོར་གྱི་བརྙན་འཕྲིན་ཞིག་བཟོས་ཏེ་རྒྱལ་སྤྱིའི་ནང་བཀྲམས་ཡོད་པ་དང་། དེའི་ནང་བོད་མདོ་སྨད་རྨ་ལྷོ་རེབ་གོང་དུ་ལོ་མང་རིང་དགེ་རྒན་གྱི་ལས་ཀ་བྱས་མྱོང་ཡོད་པའི་གནམ་མཁའ་བྱམས་ཆེད་དུ་བསྟན་ནས། རྒྱལ་ཁབ་ཀྱི་གླ་ཕོགས་ལེན་བཞིན་པའི་ལས་བྱེད་ཅིག་གིས་རྒྱལ་ཁབ་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་ཉེས་འཛུགས་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཕྱི་ཟླ་༤ ཟླ་མགོ་ཙམ་ལ་ས་གནས་མི་མང་ཁྲིམས་ཁང་གིས་་རྨ་ལྷོ་རེབ་གོང་དུ་རང་ལུས་མེར་སྲེག་གནང་སྐབས་ཀྱི་འདྲ་པར་ཕྱི་ཕྱོགས་སུ་བཏང་བའི་ཉེས་མིང་འོག་ཁོང་ལ་ལོ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་གཞུང་གིས་ཁོང་བཙོན་ཁང་དུ་ཁྲིད་སྐབས་ཁོང་གིས་ནང་མི་བུ་ཕྲུག་ཚོར། ངས་རྐུན་མ་བརྒྱབ་པ་དང་འཕྲོག་བཅོམ་བྱས་པའི་དབང་གིས་བཙོན་ཁང་དུ་འགྲོ་ཡི་མེད་པར། མི་རིགས་ཀྱི་ཆེད་བཙོན་དུ་ཚུད་སོང་བ་ཡིན་པས་ཁྱེད་ཚོས་སེམས་ཁུར་གང་ཡང་བྱེད་མི་དགོས།་ཞེས་ནང་མིར་སེམས་གསོ་བྱས་ཡོད་འདུག
གནམ་མཁའ་བྱམས་ནི་རེབ་གོང་ལྕང་སྐྱ་སྡེ་བ་ནས་ཡིན་ཞིང་ད་ལྟ་རང་ལོ་༥༢ ཙམ་ཡིན་འདུག་ལ། ཁོང་༡༩༨༠ ལོའི་ནང་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། མི་ལོ་༣༠ ཙམ་ལ་རྨ་ལྷོ་རེབ་གོང་ས་ཁུལ་གྱི་སློབ་ཆུང་ཁག་གི་དགེ་རྒན་གྱི་ལས་ཀ་བྱས་ཡོད་འདུག་པ་དང་ལོ་ཤས་གོང་ལས་འཁྱུར་ངལ་གསོ་བྱས་ཏེ་རྨ་ལྷོ་ཁུལ་ཐོག་ཏུ་གནས་སྡོད་བྱས་ཡོད་འདུག