༄༅།།དྲན་གདུང་གི་སྨོན་པ།
ཁ་སང་་གི་སྙིང་སྟོབས་དེས
བྲོས་བྱོལ་བ་གང་མང་ཞིག་གཉིད་ལས་སད་སོང
ཁ་སང་གི་གོམ་སྒྲ་དེས
གཟིམས་བཞིན་པ་གང་མང་ཞིག་གཉིད་ལས་དཀྲོག
ཁྱི་སྤྱང་གིས་ངུ་སྐད་སྒྲོག་པའི་མཚན་མོ་དེར
གཉེན་ཉེ་གང་མང་ཞིག་གི་ཡ་ཆུང་ནས་
ཆུ་ཤིལ་གྱི་རྦབ་ཆུ་འགྲིལ་བྱུང
ད་དུང་
རིགས་ཞེན་ཅན་གང་མང་ཞིག་གིས
ཁྱོད་ལ་དྲན་གདུང་གླུ་དབྱངས་ཀྱི་མཆོད་པ་ཕུར་སོང
འཁྱག་སིབ་སིབ་ཀྱི་གངས་ཁྲོད་དེ་ནས
ཁྱོད་ཀྱི་གོམ་པ་རེ་རེ་བཞིན་མདུན་དུ་སྤོ་བ་ཡང་ངས་ཚོར་བྱུང
རེད་ཡ་
འཛོམས་པའི་མཐའ་མ་བྲལ་རྒྱུ་ཡིན་ཟེར་བའི་གནའ་གཏམ་དེས
ངའི་འཁྱག་སིབ་སིབ་ཀྱི་ཡ་ཆུང་ལ་དྲོད་འཁོར་བྱིན་བྱུང
འུར་འུར་དུ་འབར་བའི་སྙིང་སྟོབས་ཀྱི་མེ་ལྕེ་དེས
སྨག་རུམ་གྱི་འཇིག་རྟེན་འདི་ན་འོད་སྣང་ཞིག་བྱིན་བྱུང
ངའི་སྙིང་ཉེ་བའི་སྐར་མ་འོད་ཆེན
ངས་རྒྱང་རིང་རྒྱང་རིང་ཞིག་ནས་ཁྱོད་ལ་སྨོན་བཞིན་ཡོད
ཁྱོད་ཀྱི་ངོ་གདོང་ན་ཆགས་པའི་མིག་ཟུང་གིས
གཞི་ཁྱིམ་དྲོ་མོའི་མཛེས་ལྗོངས་མཐོང་བར་སྨོན
ཁྱོད་ཀྱིས
གངས་ཆུ་དྭངས་མའིི་ཤག་སྒྲ་ཐོས་པར་སྨོན
ཁྱོད་ཀྱིས
མེས་པོ་གོང་མའི་ཞབས་རྗེས་མཇལ་བར་སྨོན
ཁྱོད་ཀྱིས
རིགས་གཅིག་སྤུན་ཟླའི་སྐྱིད་སྡུག་མཐོང་བར་སྨོན
སྨོན་པ་གང་མང་ཞིག་གི་མཐའ་མཇུག་དེར
ངས་མིག་ཟུང་ནས་མཆི་ལ་ལྷུག་ལྷུག་དུ་གཏོང་བཞིན
སྙིང་ཉེ་བའི་སྤུན་ཟླ་ཁྱོད་སླར་ཡང་མཇལ་བར་སྨོན
ད་དུང་
ངས་ཁྱོད་ཀྱི་གོམ་སྒྲ་རེ་རེ་སྙིང་གི་ཟབ་ས་ཞིག་ན་བཅང་ཡོད
ངས་ཁྱོད་ཀྱི་རྔུལ་ཆུའི་ཐིགས་པ་རེ་རེ་སེམས་པའི་དཀྱིལ་འཁོར་ན་སྒོམས་ཡོད
སྤུན་ཟླ་ལགས
ཁྱོད་ནམ་ཡང་བདེ་བར་སྨོན
བདེ་བར་སྨོན
བདེ་བར་སྨོན
སྤྱི་ལོ་༢༠༡༢ཟླ་བ་༦ཚེས་༡༧ཉིན་རང་དགོན་ནས་བྲིས།