སྲིད་སྐྱོང་བློ་བཟང་སེང་གེ་ལི་ཐུ་ཝེ་ནི་ཡར་ཕེབས་པ།
ཐེངས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་(Lithuania) རྒྱལ་ས་ཝིལ་སིའི་ནང་ཕེབས་ཏེ། བོད་དོན་ལ་རྒྱབ་སྐྱོར་ཡོང་ཆེད་ཉིན་གྲངས་གཉིས་ཀྱི་རིང་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་ཅན་གྱི་མི་སྣ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་སོགས་དང་ཐུག་འཕྲད་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༢ ཉིན་སྲིད་སྐྱོང་བློ་བཟང་སེང་གེ་ལི་ཐུ་ཝེ་ནི་ཡའི་(Lithuania) རྒྱལ་ས་ཝིལ་ན་སིའི་ (Vilnius) གནམ་ཐང་དུ་ཕེབས་འབྱོར་སྐབས། ལུ་ཝེ་ཐི་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཌ་ལི་ཡ་ཀོ་དེ་ (Ms Dalia Kuodyte) མཆོག་དང་ལི་ཐུ་ཝེ་ནི་ཡའི་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་རུ་ཏ་ནོར་ཀུ་ཏེ་ (Ms Ruta Norkute) མཆོག་དང། སྐུ་ཞབས་རོ་བྷེ་ཏ་སི་མ་ཛེ་ཀ་ (Mr Robetas Mazeika) བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྲིད་སྐྱོང་མཆོག་ཡུལ་དེའི་རྒྱལ་ས་ཝིལ་ན་སིའི་ནང་ཉིན་གྲངས་གཉིས་བཞུགས་སྐབས་གྲོས་ཚོགས་འཐུས་མི་དང་ཤེས་ཡོན་མི་སྣ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་སོགས་དང་ཐུག་འཕྲད་གནང་བ་མ་ཟད། གསར་འགོད་པ་གྲགས་ཅན་ཁག་གཅིག་གི་དྲི་བར་ལན་འདེབས་གནང་ཡོད་འདུག
གཞན་ཡང་སྲིད་སྐྱོང་མཆོག་གིས་ཡུ་རོབ་འགྲོ་བ་མིའི་བདེ་དོན་ཞབས་ཞུའི་གཙུག་ལག་སློབ་གྲྭར་European Humanities University གསུང་བཤད་གནང་བ་དང་། ཕྱོགས་མཚུངས་ཝིལ་ནི་སིའི་གྲོང་སྡེའི་སྤྱི་ཁྱབ་ཀྱི་སློབ་སྟོན་པ་(Mayor’s Advisor Mr G Sodeika) སྐུ་ཞབས་ཇི་སོ་དེ་ཀ་མཆོག་གིས་སྲིང་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཝིལ་ན་སིའི་གྲོང་ཁྱེར་ཚོགས་ཁང་ཆེན་མོའི་ནང་ City Hall ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
མཇལ་འཕྲད་སྐབས་འབྱུང་འགྱུར་ཕྱི་ལོ ༢༠༡༣ ཟླ་༩ ནང་༧གོང་ས་མཆོག་ཁུལ་དེར་ཆིབས་སྒྱུར་བསྐྱངས་རྒྱུའི་མཛད་འཆར་གཏན་འཁེལ་བྱུང་བ་དེའི་ཐོག་གྲོས་མོལ་གནང་ཡོད་པ་དང་། ༧གོང་ས་མཆོག་ས་ཁུལ་དེར་དེ་སྔ་ཕྱི་ལོ་༡༩༩༡ དང་ཕྱི་ལོ་༢༠༡༡ ལོར་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། དེ་ཡང་ལི་ཐུ་ཝེ་ནི་ཡ་རྒྱལ་ཁབ་འདི་བཞིན་འདི་ལོའི་ཕྱི་ཟླ་༧ ཚེས་༡ ནས་ཟླ་བ་དྲུག་རིང་ཡུ་རོབ་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་རྒྱུ་ཡིན་པར་བརྟེན། ཚོགས་གཙོའི་ལས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་ཆེད་ཐེངས་འདིར་སྲིད་སྐྱོང་མཆོག་ཡུལ་དེར་ཆེད་ཕེབས་གནང་བ་ཞིག་ཡིན་པ་རེད།
