ངོས་ཀྱི་ཡུམ་ཆེན་གྱིས་ཡི་གེ་མི་ཤེས་ཀྱང་ཐུགས་སེམས་བཟང་པོ་ཡོད།
![]()
མི་བཟང་ངན་གྱི་རྣམ་དབྱེ་འབྱེད་རྒྱུ་དེ་ནི་གཙོ་བོ་སེམས་ནང་ཞི་བདེ་ཡོད་མེད་ལ་བཞག་ཆོག རྒྱུ་ནོར་དང་ཤེས་ཡོན་ཧ་ཅང་ཆེ་བའི་དཔོན་པོ་ཞིག་ཡིན་ནའང་སེམས་ནང་ཞི་བདེ་མེད་ན་བདེ་བ་མེད་ཅེས་༧གོང་ས་མཆོག་གིས་ཨོ་སི་ཊོ་ལི་ཡར་གསུངས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་༧གོང་ས་མཆོག་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནིའི་ Sydney ནང་རྟེན་གཞི་བྱས་པའི་གྲོང་ཁྱེར་ཚོགས་ཁང་ནང་Town Hall གཞོན་སྐྱེས་བསམ་བློའི་ལྷན་ཚོགས། Young Minds Conference ཞེས་པའི་བགྲོ་གླེང་ལྷན་ཚོགས་སུ་ཆིབས་སྒྱུར་བསྐྱངས་ཏེ། བྱམས་བརྩེ་དང། བསམ་བློ་བག་ཕེབས། མདུན་ལམ་བཟང་པོ་ཞེས་པའི་བརྗོད་གཞིའི་ཐོག་གཞོན་སྐྱེས་མི་གྲངས་ཆིག་སྟོང་ཉིས་བརྒྱ་བརྒལ་བར་བཀའ་སློབ་གནང་སྐབས།
ལས་རིམ་གཙོ་སྐྱོང་བ་སྐུ་ཞབས་ས་ཡི་མོན་ལོང་སི་ཊབ་ Simon Longstaff ལགས་ཀྱིས་༧གོང་ས་མཆོག་ལ་མི་བཟང་པོ་ཞིག་གང་འདྲ་བཟོ་ཐུབ་བམ་ཞེས་པའི་དྲི་བར་ལན་འདེབས་གནང་དོན། མི་བཟང་ངན་གྱི་རྣམ་དབྱེ་འབྱེད་རྒྱུ་དེ་ནི་གཙོ་བོ་སེམས་ནང་ཞི་བདེ་ཡོད་མེད་ལ་བཞག་ཆོག རྒྱུ་ནོར་དང་ཤེས་ཡོན་ཧ་ཅང་ཆེ་བའི་དཔོན་པོ་ཞིག་ཡིན་ནའང་སེམས་ནང་ཞི་བདེ་མེད་ན་བདེ་བ་མེད། ངོས་ཀྱི་ཡུམ་ཆེན་དམ་པར་མཚོན་ན་ཡི་གེ་འབྲི་ཀློག་མི་ཤེས་མཁན་གྱི་ཞིང་པའི་བུད་མེད་གཅིག་ཡིན་ནའང་ཐུགས་སེམས་ཧ་ཅང་བཟང་པོ་ཡོད། ཨ་མ་ལགས་ཀྱིས་རང་གི་ཕྲུ་གུ་ཙམ་མ་ཟད། མི་གཞན་ལའང་ཐུགས་སེམས་ཧ་ཅང་བཟང་པོ་གནང་གི་ཡོད། བར་སྐབས་ཤིག་རྒྱ་ནག་ནང་མུ་གེ་ཤུགས་ཆེ་བྱུང་ནས་རྒྱ་མི་མང་པོ་བོད་བྱང་ཤར་ས་ཁུལ་དུ་ཟས་འཚོལ་དུ་བསླེབས་ཡོད། དེ་དུས་རྒྱ་རིགས་བཟའ་ཟླ་གཅིག་བཀྲེས་སྐོམ་འོག་འདས་གྲོངས་སུ་གྱུར་བའི་ཕྲུ་གུའི་ཕུང་པོ་ཞིག་འཁྱེར་ནས་ང་ཚོའི་ཁྱིམ་ཚང་དུ་ལྟོ་སློང་བར་སླེབས་བྱུང། སྐབས་དེར་ཁོང་གཉིས་བཀྲེས་ལྟོགས་ཀྱིས་ཧ་ཅང་མནར་རྐྱེན་རང་གི་ཕྲུ་གུའི་ཕུང་པོ་ཟ་རྒྱུ་ཡིན་སྐོར་བརྗོད་དུས་ངོས་ཀྱི་མ་དམ་པ་ཐུགས་ཤིན་ཏུ་ཕམ་ནས་བཤུམས། དེ་རྗེས་ཨ་མ་ལགས་ཀྱིས་ཁོང་གཉིས་ལ་ཁ་ཟས་སྦྱིན་པ་མ་ཟད། ཕྲུ་གུའི་ཕུང་པོ་ས་དོང་ནང་སྦ་རོགས་ཀྱང་གནང་ཡོད། ང་ཚོས་ཨ་མ་ལགས་སྐུ་རླུང་བཞེངས་པ་ནམ་ཡང་མཇལ་མྱོང་མེད་ཅེས་བཀའ་ལན་གནང་ཡོད་པ་རེད།
དེ་རྗེས་༧གོང་ས་མཆོག་ཨེ་སི་ཕིལ་པེ་རི་ཤི་མི་ཤན་ (Ashfield Parish Mission) ཞེས་པར་རྟེན་གཞི་བྱས་པའི་ཨེཀ་སོ་ཌ་སི་ཐེབས་རྩ་ཁང་ (Exodus Foundation) དུ་ཆིབས་བསྒྱུར་བསྐྱངས་ཏེ། ༧གོང་ས་མཆོག་གིས་མི་མང་ཉམ་ཐག་ཚོར་བཀའ་སློབ་གནང་དོན། ཁྱེད་རང་ཚོ་སྡོད་ཁང་མེད་མཁན་ཚོ་སེམས་ཤུགས་ཆག་རྒྱུ་མེད། གནས་སྐབས་རིང་ཁྱེད་རང་ཚོ་ལྟར་ངོས་ལའང་སྡོད་ཁང་མེད། འོན་ཀྱང་རྒྱ་ཆེ་ས་ནས་བསམ་བློ་བཏང་ན་འཛམ་གླིང་ཧྲིལ་པོ་འདི་ང་ཚོའི་སྡོད་ཁང་དང་འཛམ་གླིང་ནང་གི་འགྲོ་བ་མི་གཞན་རྣམས་ང་ཚོའི་ཆོས་གྲོགས་ཕོ་མོ་ཆགས་ཡོད། དེ་སྔ་རྩ་བ་ནས་ངོ་ཤེས་མེད་པའི་མི་ཚོས་ཁྱེད་ཚོར་གཟིགས་རྟོགས་དང་རོགས་རམ་གནང་བཞིན་ཡོད་པ་འདིས། འགྲོ་བ་མིའི་གཤིས་རྒྱུད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་སྙིང་སྟོབས་ཤིག་མཚོན་ཐུབ་ཅེས་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག
