ཁམས་བྲག་མགོའི་ཆབ་སྲིད་བཙོན་པ་ཞིག་གློད་གྲོལ།

2013_6_20

རྒྱ་གཞུང་གིས་༢༠༡༢ ལོའི་ཟླ་༢ པའི་ཚེས་༡༦ ཉིན་འཛིན་བཟུང་བྱས་པའི་ཁམས་བྲག་མགོ་ནོར་པ་ནས་ཡིན་པའི་ཡོན་ཏན་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གློད་གྲོལ་ཐོབ་ཡོད་འདུག་ན་ཡང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཁ་ལ་མེ་མདའ་བརྒྱབ་སྟེ་སྐད་ཆ་བཤད་མི་བདེ་བ་ཆགས་ཡོད་འདུག་པ་མ་ཟད་རྐང་པ་ཡང་འཐེང་གི་ཡོད་པ་རེད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པར་བོད་ནས་འབྲེལ་ཡོད་ཅིག་གིས་འདི་གར་གནས་ཚུལ་མཁོ་སྤྲོིད་གནང་བ་ལྟར་ན། ཕྱི་ལོ་༢༠༡༢ ཟླ་༢ ཚེས་༩ ཉིན་ཁམས་བྲག་མགོ་རྫོང་ནོར་བ་སྡེ་བའི་འབྲོག་སར་རྒྱ་ནག་གཞུང་གིས་དམར་གསོད་བཏང་བའི་གྲྭ་ཡེ་ཤེས་རིག་གསལ་དང་། ཡེ་ཤེས་བསམ་འགྲུབ་གཉིས་ཀྱི་སྤུན་མཆེད་ཡོན་ཏན། ཟླ་འདིའི་ཕྱི་ཚེས་༢༠ ཉིན་གློད་གྲོལ་གྱིས་ཕྱིར་རང་ཁྱིམ་དུ་བཏང་ཡོད་འདུག་ན་ཡང་། རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ཁ་ལ་མེ་མདའ་བརྒྱབ་སྟེ་སྐད་ཆ་བཤད་མི་བདེ་བ་ཆགས་ཡོད་འདུག་པ་མ་ཟད་རྐང་པ་ཡང་འཐེང་གི་འདུག་ཅེས་གནས་ཚུལ་འགྲེལ་བརྗོད་པས་བརྗོད་བྱུང་།

2013_6_20ཁོང་བཙོན་ཁང་ནས་ཕྱིར་རང་ཁྱིམ་དུ་ཡོང་སྐབས་ས་གནས་ཀྱི་མི་མང་ཚོས་ཕེབས་བསུ་ཞུས་ཡོད་པ་རེད་འདུག་ལ། དེ་བཞིན་ད་ལྟ་མི་ཧ་ཅང་མང་པོ་ཁོང་གི་སར་བཅར་ཏེ་འཚམས་འདྲིའི་ཁ་བཏགས་གཏོང་གི་ཡོད་པ་རེད་འདུག

ཕྱི་ལོ་༢༠༡༢ ཟླ་༡ ཚེས་༢༣ ཉིན་ཁམས་བྲག་མགོའི་མི་མང་གིས་ཞི་བའི་ཡར་ལངས་བྱེད་སྐབས། རྒྱ་གཞུང་གིས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་ལུ་ཁོག་མ་ཡིན་པ་གེ་འཕན་ལོ་བརྒྱ་ཚང་གི་བུ་གཅིག་དང་ནོར་པ་ནས་ཡིན་པའི་ཡོན་ཏན་གཉིས་བསད་ཡོད་པ་མ་ཟད།  ཕྱི་ཟླ་༢ ཚེས་༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པ་ཚོ་ཁམས་བྲག་མགོ་རྫོང་ནོར་བ་སྡེ་བའི་འབྲོག་སར་སོང་སྟེ། ད་ལྟ་གློད་གྲོལ་ཐོབ་པའི་ཡོན་ཏན་གྱི་སྤུན་མཆེད་གྲྭ་ཡེ་ཤེས་རིག་གསལ་དང་ཡེ་ཤེས་བསམ་འགྲུབ་གཉིས་དམར་གསོད་བཏང་ཡོད་པ་རེད།

མ་ཚད་ཁོང་རྣམས་ཀྱི་ཨ་མ་རང་ལོ་༧༠ ཡས་མས་ཡིན་པ་སངས་ལྷ་དང་ཡོན་ཏན་བཟང་པོའི་བུ་མོ་ཆུང་ཆུང་གཅིག་དང་། ཁོང་གིས་ལྟ་སྐྱོང་བྱེད་བཞིན་པའི་དྭ་ཕྲུག་ལོ་༡༤ ཡིན་པ་བུ་མོ་ལྷ་སྐྱིད་སྒྲོལ་མ་དང་། མོའི་གཅུང་མོ་དབྱངས་སྐྱིད་གཉིས་སློབ་གྲྭའི་གུང་སེང་སྐབས་ཁོང་ཚོའི་ནང་དུ་སླེབས་ཡོད་པ་ཚང་མ་འཛིན་བཟུང་བྱས་ཡོད་པ་དང། སྐབས་དེར་ཨ་མའི་ལག་པར་མེ་མདའ་བརྒྱབ་པར་བརྟེན་ཕྱིས་སུ་སྨན་ཁང་ཞིག་ནས་ལག་འགོ་གཅད་དགོས་བྱུང་ཡོད་པ་རེད།