འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་མཇུག་བསྒྲིལ་བ།

འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་དེ་དབྱིན་ཡུལ་གྱི་བྱང་ཨེ་ལི་ཊིའི་ནང་དུ་ཟླ་འདིའི་ཕྱི་ཚེས་༡༧ དང་༡༨ ཉིན་གཉིས་ཀྱི་རིང་འཚོགས་ཡོད་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་རང་དབང་གི་ཚོང་ལས་དང་ཁྲིམས་མཐུན་དཔྱ་ཁྲལ་ལ་སྲུང་སྐྱོབ། སི་རི་ཡའི་འཐབ་འཁྲུག་གནད་དོན་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་པ་རེད།

ཐེངས་འདིའི་འབྱོར་ལྡན་རྒྱལ་ཁབ་བརྒྱད་ལྷན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་ནི། དབྱིན་ཡུལ། ཁ་ན་ཌ། ཧྥ་རན་སི། འཇར་མན། ཨེ་ཊ་ལི། ཨུ་རུ་སི། ཉི་ཧོང་། ཨ་རི་བཅས་ཡིན་ཞིང་། ཕྱི་ཚེས་༡༨ ཉིན་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ལྷན་ཚོགས་ཐེངས་༣༩ པ་དེ་མཇུག་བསྒྲིལ་བྱས་པའི་རྗེས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་གསོ་ལ་ཧ་ཅང་ནུས་པ་ལྡན་པའི་གྲུབ་འབྲས་ཐོན་ཡོད་ཀྱང་། ད་དུང་སྔར་བཞིན་ཉེན་ཚབས་ཆེ་བའི་འགྲན་རྩོད་ཁྲོད་གནས་ཡོད་ཅེས་འཁོད་ཡོད་པ་རེད།

འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱིས་ཕྱི་ཚེས་༡༩ ཉིན་བརྗོད་པ་ལྟར་ན། དཔལ་འབྱོར་ཡར་རྒྱས་ལ་སྐུལ་འདེད་དང་ལས་ཞུགས་གསར་བསྐྲུན་ནི་རྒྱལ་ཁབ་བརྒྱད་ལ་འཕྲད་པའི་ཁ་ཚ་དགོས་གཏུག་གི་ལས་འགན་ཡིན་པ་དང་། རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་གིས་བསྐྱར་དུ་དཔལ་འབྱོར་གོང་འཕེལ་བྱེད་རྒྱུ་ཡིན་པ་མ་ཟད། མ་རྐང་ཁྲོམ་རའི་གནོན་ཤུགས་ལ་མཐའ་གཅིག་ཏུ་ཁ་གཏད་གཅོག་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་མ་འཚོགས་པའི་སྔོན་ཨུ་རུ་སི་ཡིས་སི་རི་ཡའི་སྲིད་གཞུང་ལ་མཚོན་ཆ་མཁོ་སྤྲོད་བྱེད་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དེས། ཨུ་རུ་སི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འབྲེལ་ལམ་སྔར་ལས་སྡུག་ཏུ་སོང་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་མང་པོས་ཐེངས་འདིའི་ལྷན་ཚོགས་སྐབས་ཐུན་མོང་ཐོག་གཅིག་གྱུར་གྱིས་ཐག་གཅོད་ཅིག་ཡོང་བའི་རེ་བ་ཆེན་པོ་བརྒྱབ་མེད་ཀྱང་། གནད་དོན་མང་པོ་ཞིག་གི་ཐོག་ལ་ཚོད་དཔག་ལས་བརྒལ་བའི་སྤྱི་མོས་བྱུང་ཡོད་པ་རེད། དེའི་ཁྲོད་དུ་ཨུ་རུ་སིས་ད་ལྟའི་བར་དུ་སི་རི་ཡའི་ཞི་བདེའི་གྲོས་ཚོགས་འཆར་གཞི་ལ་ཁས་ལེན་བྱས་མེད་ཀྱང་། ཐེངས་འདིར་རྒྱལ་ཁབ་སོ་སོའི་དབུ་ཁྲིད་རྣམས་ཀྱིས་མི་རིང་བའི་ཆར། སི་རི་ཡའི་འཐབ་འཁྲུག་ཐག་གཅོད་ཀྱི་ཚོགས་འདུ་ཐེངས་གཉིས་པ་དེ་འཚོགས་རྒྱུར་མོས་མཐུན་བྱས་ཡོད་པ་དང་། དམིགས་ཡུལ་ནི་སི་རི་ཡའི་བར་བརྒལ་སྲིད་གཞུང་ཇི་ལྟར་འཛུགས་རྒྱུའི་སྐོར་གྲོས་བསྡུར་བྱེད་རྒྱུ་ཡིན་པ་མ་ཟད། བར་བརྒལ་སྲིད་གཞུང་དེར་སྲིད་ཀྱི་དབང་ཆ་ཡོངས་རྫོགས་སྤྲོད་རྒྱུའི་སྐོར་ཡིན་པ་རེད།

འདས་པའི་མི་ལོ་མང་པོའི་རིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྲིད་དབང་སྒེར་གཅོད་པ་ཨ་སྲ་ཏི་མེད་པར་བཟོས་པ་ཡིན་ན་ད་གཟོད་སི་རི་ཡའི་འཐབ་འཁྲུག་ཐག་གཅོད་ཐུབ་པའི་ངོས་འཛིན་བྱས་པ་དང་། ད་ལྟའི་ཆར་ཨུ་རུ་སིའི་སྲིད་འཛིན་པུ་ཊིན་གྱིས་ནང་འགྲིག་བྱས་ཏེ། ཨ་སྲ་ཏི་དང་འབྲེལ་ལམ་བཅད་འགོ་ཚུགས་ཡོད། སྤྱིར་ད་དུང་ཁོས་མཐའ་གཅིག་ཏུ་ཨ་སྲ་ཏི་བློས་བཏང་བྱེད་མི་སྲིད་ནའང་། སི་རི་ཡའི་མཛའ་གྲོགས་ཀྱི་གནའ་འབྲེལ་རྒྱལ་ཁབ་ཨུ་རུ་སི་ཡིས་ཐེངས་དང་པོར་ཨ་སྲ་ཏིའི་སྲིད་དབང་གི་ཁྲིམས་མཐུན་རང་བཞིན་ལ་དོགས་སློང་བྱེད་ཡོད་པ་དང་། དེས་སི་རི་ཡའི་དབང་འཛིན་པར་གནོན་ཤུགས་ཧ་ཅང་ཆེན་པོ་ཞིག་བཟོས་ཡོད་པ་ཞིག་ཡིན་འདུག །