སེམས་ཀྱི་ལྷ་མོར་ཕུལ་བའི་གཏང་རག
༈ སེམས་ཀྱི་ལྷ་མོར་ཕུལ་བའི་གཏང་རག
དར་ཚོན་སྣ་ལྔའི་ནང་ན་སྙལ་བ་ཡི། །
སྙིང་གི་མཛའ་མོ་སྒྲ་སྙན་འཁྲོལ་མཁས་མ། །
འགྱུར་ཁུགས་སྟོང་གི་སྐད་ངག་ད་ཕྱུངས་ནས། །
ཕོ་རྒོད་དར་མའི་སྙན་ངག་ད་གྱེར་ཤིག །
ཡར་གའི་སྤྲིན་པའི་མཚམས་ན་སྐད་ཅིག་འདུག །
གཡུ་འབྲུག་ཞེ་སྡང་ལངས་པའི་ངར་སྒྲ་རེད། །
སྙིང་སྡུག་སྙིང་གི་མཛའ་མོ་ད་སོང་ཤིག །
ཁྲོས་པའི་ངག་གི་སྒྲ་གཡང་ད་ཁུག་ཅིག །
ཕར་གི་སྡེ་པའི་དཀྱིལ་ན་སྐད་ཅིག་འདུག །
སྨན་ཆུང་ཡིད་སེམས་ཤོར་བའི་བརྩེ་གླུ་རེད། །
སེམས་བདག་སེམས་ཀྱི་ཐིག་ལེ་ད་སོང་ཤིག །
ལྷད་མེད་ངག་གི་སྒྲ་གཡང་ད་ཁུག་ཅིག །
མར་གི་ཆུ་མོའི་འགྲམ་ན་སྐད་ཅིག་འདུག །
འབྲི་ཆུ་བྲག་ལ་རྡེབ་པའི་ངུ་སྒྲ་རེད། །
ཚེ་གྲོགས་ཚེ་ཡི་བདག་མོ་ད་སོང་ཤིག །
མྱ་ངན་སྨྲེ་སྔགས་སྒྲ་གཡང་ད་ཁུག་ཅིག །
སྙན་པའི་ངག་ལ་འགྱུར་ཁུག་རང་དབང་དང་། །
བྲིས་པའི་ཚིག་ལ་ཤེས་རབ་མཐུ་གྲུབ་བྱུང་། །
དམར་པོའི་སྙིང་ཤས་རུམ་པའི་ཚངས་སྲས་མ། །
ལང་ཚོའི་དྭངས་མ་ཁྱེད་ལ་གཏང་རག་ཡིན། །
༢༠༡༣་༦་༡༧ ཉིན་ལྷོ་མཐའ་ནས་འཚར་བའི་སྙན་ངག་པ་འཆམ་ར་དྲི་མེད་རྒྱལ་མཚན་གྱིས་གནམ་མཚོ་ཞེས་པའི་བོད་ནང་གི་གསར་སྐྱེས་གླུ་མ་ཞིག་གིས་སྙིང་གི་རེ་འབོད་ཅེས་པའི་གླུ་དབྱངས་ཤིག་བླངས་འདུག་པ་དེ་ཉན་ཞོར་སེམས་ཀྱི་མཛའ་ན་མོ་དབྱངས་ཅན་ལྷ་མོར་གཏང་རག་གི་དོད་དུ་ཐད་བྲིས་བྱས་ཏེ་ཕུལ།།
གནམ་མཚོའི་གླུ་གཞས་ཉན་འདོད་ཚེ་དྲ་ཐག་འདིར་སྣུན།