དེ་རིང་དགོང་མོ་རང་ཉིད་ཀྱི་ངོ་དེབ་ནང་བྲིས་པའི་རྩོམ་ཡིག་ཕྱོགས་བསྒྲིགས།།

ལུས་པོ་རྒྱང་ཐག་རིང་བས།།
མིག་གིས་མཐོང་ཐབ་བྲལ་སོང་།།
སེམས་པའི་འཕྲིན་བརྡ་བཏང་ཡང་།།
ཡ་ལེན་བྱེད་མཁན་མི་འདུག།།

དེ་རིང་སེམས་ཀྱི་རི་བོའི་ངོས་སུ་སྨུག་སྤྲིན་ལང་ལོང་རབ་མཁྲིགས་ནས།།
ཡངས་པའི་མཛེས་ལྗོངས་མཚོ་དང་ཚིའུ་སྨུག་སྤྲིན་ཁྲོད་ན་ཡོངས་སུ་འཐིམ།།
ཀྱ་ཀ་ཁྲ་མོས་གདུང་བ་མ་ཟོད་གདུང་མཚོན་དམ་པ་ས་གཞིར་བཏོར།།
ཉག་མ་ཕྲ་མོས་ལྟད་ངན་གྲོགས་ཤར་དེ་རིང་བྱུང་ཞེས་དགའ་སྤྲོས་ཁེངས།།

ཕ་མ་གཉེན་ཉེ་རྒྱབ་ལ་ལུས་པས་དེ་ཞེན་བསམ་པ་སེམས་ལ་མེད།།
དགའ་རོགས་བརྩེ་རོགས་ཕོོ་མོའི་བདེ་སྐྱིད་གྲྭ་རྐྱང་རིགས་ལ་མཁོ་དོན་མེད།།
རིགས་ལ་དུང་བའི་སེམས་པ་བཟུང་བ་དུག་གསུམ་ཡིན་མིན་ངས་མི་ཤེས།།
འདོོར་ཐབས་མེད་པའི་སེམས་པ་དེ་ལ་སུ་ཡིས་རྒོལ་ཡང་དགྲ་བོ་ཡིན།།

རྟོག་པས་རྟོག་ལྡན་གཙུག་ཏུ་བཀུར།།

རྟོག་པས་བཏགས་པའི་དམྱལ་བར་འཇིགས།།

རྟོག་པས་བསྐྲུན་པའི་ལམ་ལུགས་འདི།།

རྟོག་བཏགས་ཙམ་ལས་ཅང་མི་ནུས།།

 

རང་ཉིད་འཁོར་བའི་ཞགས་པས་དམ་བཅེངས་ཀྱང་།།

གཞན་གྱི་གདུང་བའི་དོན་དུ་རང་འཚོར་གྲགས།།

ཚུལ་འཆོས་བྱ་བས་རང་གཞན་ཕུངས་སུ་བཅུག།།

ཀྱེ་མ་ལུས་ཅན་བསོད་ནམས་ཟད་དམ་ཅི།།

 

དེང་སྐབས་མཁའ་འགྲོ་ས་ནས་འགྲོ།།

མཚན་དང་སྒོར་མོ་འཚོལ་དུ་འགྲོ།།

ཐར་པའི་གོ་འཕང་དམིགས་སུ་མེད།།

འཁོར་བའི་བདེ་སྐྱིད་བདེ་བའི་མཆོག།།

 

ལམ་དང་ལུགས་སྲོལ་གསར་དུ་བཟོས་ནས་ཡོན་བདག་རྒན་མོ་ཁྲི་ལ་བསྐོས།།
བླ་མའི་མཚན་དང་གྲྭ་པའི་གྲོད་པ་མདོར་ན་ཡོད་ཚད་སྒོར་གྱི་དོན།།
བླ་མ་རྒྱུད་པའི་དམ་ཆོས་དྲི་བྲལ་དེ་རིེང་གསང་སྤྱོད་ནང་དུ་གཡུགས།།
བསྟན་པ་ཟེར་ཡང་སྣང་བརྙན་ཙམ་ལས་འདི་འདྲའི་རིགས་ལ་ཡོད་མི་སྲིད།།

 

ལྷ་དང་སྲུང་མ་ཆོས་སྐྱོང་ལ་སོགས་དགོས་དུས་མེད་པའི་ཀླད་མེད་འདི།།
ཁྲི་སྲོང་བཙན་པོར་དབང་འགྱུར་དོན་དུ་གསར་བཏོད་མཛད་པའི་ལམ་སྲོལ་ཞིག།།
ད་ལྟའི་བར་དུ་ངར་ངར་བྱས་ཀྱང་རང་སྲོག་འབུས་བཅོམ་གཏམ་རྒྱུད་དངོས།།
ད་ལྟའི་བར་དུ་ཀུན་གྱིས་མཐོང་སར་་རབ་ཏུ་གསལ་ཡང་དད་པས་བསྒྲིབས།།

 

ཡ་མ་གཟུགས་ཀྱི་སྤྱོད་ཚུལ་འདི་འདྲར་དད་པ་སྐྱེ་བ་ཤིན་ཏུ་དཀའ།།
བླ་མ་ཆེན་པོས་མཚན་རྟགས་གཅིག་གིས་མཛེས་མ་རྩ་བའི་རྩེ་རུ་བསྐྱལ།།
བླ་སློབ་འབྲེལ་ནས་སྒོར་མོ་སྒྲུབ་པ་ཚོང་པ་མིན་ཡང་ཆོས་པ་དཀའ།།
ཐུབ་བསྟན་འཛིན་པའི་རྒྱུ་རུ་འགྲོ་ན་སྟག་ཚང་དམྱལ་བར་སྐྱེ་ངེས་ཡིན།།

 

ཆོས་ངོ་མ་བྱས་ན་འདི་འདྲ་བྱོས།
མིག་ཟུང་གི་ལྟ་སྟངས་འདི་འདྲ་རེད།།
མདུན་ཀླད་པ་སྐམ་པོ་འདྲི་འདྲ་དགོས།།
དེ་མེད་ན་ཞིང་ལ་འགྲོ་རྒྱུ་དཀའ།།

 

གཅོས་མིན་སེམས་ཀྱིས་དེ་ལྟར་བསྒོམས་ཀྱང་འབྱུང་བཞིིའི་ལུས་ཕུང་གནས་མི་ཐུབ།།

ཕུང་པོ་མེད་པའི་རྣམ་ཤེས་ཁེེར་རྐྱང་སྲིད་པར་འཚོ་བ་དོན་ཡོད་མིན།།

འདབ་གཤོག་རྒྱས་པའི་ཙི་ཙི་ཡིན་ན་དགུང་སྔོན་དབྱིངས་སུ་གཟིམས་ཀྱང་ཆོག།།

རྐང་གཉིས་ལ་བརྟེན་ཡུལ་གྱར་ང་འདྲ་ད་ལྟ་འཆི་བའི་དུས་མ་ཡིན།།

 

འཁོར་བའི་རང་བཞིན་འདི་ལྟར་ཡིན་ཡང་དེ་རིང་ཉལ་བའི་གནས་ཤིག་དགོས།།

སང་ཉིན་ཤི་བའི་དུས་ལ་ངེས་ཀྱང་ལོ་རྒྱ་འདོད་པའི་བྱུས་ཤིག་དགོས།།

འུ་ཐུག་ཐབས་ཟད་དུས་ལ་སླེབས་ཀྱང་གྲོོགས་པོའི་ཚོགས་ཀྱི་ཧ་དགོད་བྱེད།།

ཀྱེ་མ་གྲྭ་རྐྱང་མགོ་རིལ་ང་རང་ལས་ངན་གང་གིས་འདི་ལྟར་བཀོད།།

 

རང་ཤག་ནང་་དུ་ཉལ་ན་འདོད་ཀྱང་ཚ་དྲོད་རྒྱས་པས་གཉིད་མི་ཁུག།།།
ཕྱི་རོལ་སྤང་ལ་ཉལ་འདོད་ཆེ་ཡང་དུག་སྦྲང་ནག་པོས་གཉིད་མི་བཅུག།།།
ཐོག་ཁའི་རྩེ་རུ་ཉལ་ལ་བརྩོན་ཀྱང་ཆར་རླུང་འཚུབ་པས་གཉིད་ཐབས་བྲལ།།
དེ་རིང་དགོང་མོ་གང་དུ་ཉལ་དགོས་དྲྭ་གྲོགས་ཚོགས་ཀྱིས་ལམ་སྟོན་མཛོད།།

 

གྲོང་པའི་ཁྱི་ཡི་ངུ་ཟུག་ཆེ་དང་གཅིག།།
དུག་སྦྲང་ནག་པོའི་ལྕེ་རྩེ་རྣོ་དང་གཉིས།།
ཤག་རོགས་རྒྱག་པའི་གཉིད་སྒྲ་ཆེ་དང་གསུམ།།
རིག་རྒོད་སྐད་ངན་ཤོར་བའི་དངོས་རྒྱུ་ཡིན།།