སྙན་ངག་གི་ཚོམ།
<<རྨི་ལམ་དང་ད་དུང་ཆོས་ཉིད།>>
_________ཐོལ་གྱིས་ཤོར་བའི་ངག
རྨི་ལམ་གནད་དུ་སོང་བའི་ན་ཟུག་ཁྲོད།།
མཚན་གུང་ངུ་སྐད་ཤོར་བར་ཉུང་ཉུང་མིན།།
གློ་སྙིང་ཁ་ནས་ལུད་པའི་གཏམ་རྒྱུད་དག།
སུས་ཀྱང་བལྟས་མ་མྱོང་བའི་ལེའུ་ཡིན།།
ཐེག་པའི་དཀྱིལ་གྱི་འཛུབ་ཐིགས་སྐྱ་བོ་དེ།།
ཕྱི་མར་བཞུད་པའི་བརྡ་རྟགས་ཡིན་སྐད་ན།།
སྲིད་པའི་ཁམས་ན་འཆལ་བའི་རང་ཉིད་ཀྱང་།།
མི་འདོད་ལས་ཀྱི་བཙོན་གྱིས་དད་པར་ངེས།།
རང་གི་མིག་ཆུ་ཆར་བ་མིན་ན་ཡང་།།
སྐྱོ་བས་གདུང་དུས་དགུན་གྱི་གངས་ཆར་བཞིན།།
འཇིག་རྟེན་ཁམས་ཀྱི་མི་ཞེས་བྱ་བའི་ཐོག།
ལྷུང་ལྷུང་གཙང་བོ་བཞིན་དུ་འབབ་ཡང་སྲིད།།
2013-6-21ཉིན་ཐོལ་གྱིས་བཞུར་རོ།
མེས་པོའི་མཛད་རྗེས།
གློ་སྙིང་བྲག་ལྟར་མཁྲེགས་པའི་ངང་ཚུལ་གྱིས།།
རྐང་རྗེས་ཟབ་པས་མཚོའི་མོའི་གཏིང་མཐའ་ཡང་།།
འགྲན་པར་ནུས་མ་ཡིན་པའི་འདས་སོང་གི།
མེས་པོའི་1དཔའ་བ་དེ་ཚོ་སླར་ཡང་དྲན།།
ལི་ཐང་དབྱིག་གཉེན་གྱིས་༢༠༡༣ལོར་༦པའི་༡༨ཉིན་ཐོལ་གྱིས་བྲིས།
1@མཆན། དཔའ་བ་ནི། དཔའ་བོ་དང་དོན་གཅིག
<<འཕྲིན་བཏགས་པ།>>
_______དྲ་ཐོག་གི་གྲོགས་མོ་ཞིག་ལ་ཐོལ་གྱིས་བྲིས་པ།
སྡུག་གི་མིག་ཆུ་འདི་ས་རུ་འཕེན་འཕེན་ནས།།
ཁོག་གི་སྙིང་ཤ་ཡང་ནམ་རྒྱུན་འདར་བཞིན་ཡོད།།
ལག་གི་སྟངས་ཀ་ཡང་ཁྱེད་ཀྱིས་མཐོང་སོང་ན།།
བརྩེ་བ་ཕྱེད་ཀ་ཞིག་ང་ལ་གནང་རོགས་བྱོས།།
ལག་གིས་སྐྱོར་བཞིན་པའི་སྙིང་ཆུང་གསོན་པོ་འདི།།
མིག་གི་མདུན་ས་ན་རིན་ཐང་ཆུང་འདུག་ན།།
ནང་གི་མཆིན་པ་ནས་ཅ་ལག་གསོན་པོ་དག།
གང་འདོད་ཅི་འདོད་ཅིག་ཁྱེད་ལ་འཕུལ་ཡང་ཆོག།
2013 6 16 ཉིན་མོར།
ཚོར་བའི་དབྱངས།
________བཞུད་ཟིན་པའི་ལམ་བུ་དང་སེམས་ཚོར་འགའ།
སྨུག་པ་ལམ་ལམ་འཁྱིལ་བའི་ཞོགས་དུས་དེར།།
འདང་གི་རྨི་ལམ་དྲན་པའི་དུས་ཚིགས་དེར།།
ཁེར་རྐྱང་རྣམ་ཤེས་རྒྱང་ལ་བཞུད་དུས་དེར།།
ཡ་མཚན་སྟོང་གི་སེམས་ཚོར་རྙེད་དུས་རེད།།
སྣང་བ་རང་ལ་གདའ་བའི་ཞོགས་པ་དེར།།
དྲན་པ་རླུང་གིས་སྤུར་བའི་དུས་མཚམས་དེར།།
ཁོ་བོ་མུན་ནག་ཁྲོད་ཀྱི་མར་མེ་བཞིན།།
སེམས་ཀྱི་རྣམ་ཤེས་མགྲོན་གྱིས་གང་དད་རེད།།
རང་སེམས་དག་ན་ཐར་པ་རྙེད་དུས་དེར།།
སྒྲིབ་པས་འགེབ་ན་ཐར་པ་བོར་དུས་དེར།།
གྲྭ་རྐྱང་ཕམ་ཉེས་ཁྲོད་ཀྱི་མི་བུ་བཞིན།།
འཛུབ་མོ་ཁ་ནང་བཅུག་ནས་བསྡོད་རྒྱུ་རེད།།
སུ་ཡང་འདི་ནས་བཞུད་པའི་འཕྲང་ལམ་ན།།
བསླུ་བྲིད་ལྡན་པའི་ཁ་དོག་མང་མོད་ཀྱང་།།
ཐབས་བརྒྱ་ཇུས་སྟོང་བགྱིས་ཏེ་བཞུད་པ་ལས།།
ཕྱིར་འཐེན་བྱས་ན་ཡོད་ཚད་སྟོང་བ་རེད།།
༢༠༡༣་་་༦་་་༡༡ཉིན་ཐོལ་གྱིས་བཞུར་རོ།