དུར་ས་འཚོལ་བའི་མི་ཞེས་པའི་དཔེ་དེབ་དབུ་འབྱེད།

thr_2013_6_26ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ <<དུར་ས་འཚོལ་བའི་མི་>>ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་ལ། དཔེ་དེབ་དེ་ནི་བོད་ནང་གི་རྩོམ་པ་པོ་སྨར་ལྗང་སྨྱུག་(སྨྱུག་མིང་)ལགས་ཀྱིས་བརྩམས་པ་ཞིག་ཡིན་འདུག་པ་དང་།

ཁོང་གིས་རྒྱ་ནག་གིས་བོད་ནང་བཙན་འཛུལ་དང་དྲག་གནོན་བྱེད་བཞིན་པའི་མིག་མཐོང་ལག་ཟིན་གྱི་མྱོང་ཚོར་རྣམས་ཡིག་ཐོག་ཏུ་ཕབ་ཏེ། འཛམ་གླིང་མི་མང་ལ་རྒྱ་ནག་གི་རྫུན་གཏམ་དྲིལ་བསྒྲགས་རྣམས་ཐེར་འདོན་བྱེད་ཀྱི་ཡོད་པ་རེད།

དེའང་ཕྱི་ཟླ་༦ པའི་ཚེས་༢༦ ལ་འཛམ་གླིང་མནར་གཅོད་ཉིན་མོ་དང་སྟབས་བསྟུན་སྟེ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དཔར་བསྐྲུན་བྱས་པའི་ <<དུར་ས་འཚོལ་བའི་མི>>ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་སྒོ་ཞིག་ངྷ་ས་བོད་ཀྱི་གསོལ་མགྲོན་ཁང་དུ་འཚོགས་སོང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོས་ངོ་སྤྲོད་གསུང་བཤད་གནང་བ་དང་། དེའི་རྗེས་སུ་ཆབ་སྲིད་བཙོན་ཟུར་ཟླ་བ་ཚེ་རིང་གིས་རང་ཉིད་ཀྱིས་བཙོན་ཁང་དུ་དངོས་སུ་མྱངས་པའི་མནར་གཅོད་ཀྱི་མྱོང་ཚོར་འབྲེལ་བའི་སྐོར་ནས་གསུང་བཤད་གནང་སོང་ལ། དེ་གའི་ལྟེ་གནས་ཁང་དུ་དང་བླངས་ལས་ཀ་བྱེད་བཞིན་པའི་ཨ་རིའི་མི་སེར་ཡིན་པ་རྗོན་གྷོ་ཊེ་ཊིས་(John Gaudette)འཛམ་གླིང་མནར་གཅོད་ཉིན་མོ་ངོ་སྤྲོད་དང་འབྲེལ་བའི་སྐོར་གསུངས་ཡོད་པ་རེད།

thr_2013_6_26

ཚེ་རིང་མཚོ་མོ་ལགས་ཀྱིས་ངོ་སྤྲོད་གནང་དོན། ད་རེས་སླར་ཡང་བོད་ནང་གི་བོད་རིགས་རྩོམ་པ་པོ་ཞིག་གིས་སོ་སོའི་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་སྙིང་སྟོབས་ཆེན་པོའི་སྒོ་ནས་<<དུར་ས་འཚོལ་བའི་མི་>>ཞེས་པའི་དཔེ་དེབ་འདི་ཉིད་བརྩམས་ཏེ། བོད་མིའི་བཙན་རྒོལ་གྱི་ལོ་རྒྱུས་གསལ་སྟོན་དང་དྲན་གསོའི་ཐད་ཕན་ནུས་མི་དམན་པ་བསྐྲུན་ཡོད། དཔེ་དེབ་འདིའི་རྩོམ་པ་པོ་སྨར་ལྗང་སྨྱུག་(སྨྱུག་མིང་)ནི་གཞིས་བཞུགས་བོད་རིགས་གཞོན་སྐྱེས་ཤེས་ཡོན་པ་ཞིག་ཡིན་ལ། ཁོང་གིས་རྒྱ་ནག་གིས་བོད་ནང་བཙན་འཛུལ་དྲག་གནོན་བྱེད་པའི་མིག་མཐོང་ལག་ཟིན་གྱི་མྱོང་ཚོར་རྣམས་ཡིག་ཐོག་ཏུ་ཕབ་ཏེ། ཕྱིའི་རང་དབང་ཡུལ་གྲུར་ཡོད་པའི་བོད་རིགས་དང་འཛམ་གླིང་མི་དམངས་ཀྱི་མིག་ལམ་དུ་གསལ་འདོན་གྱིས་རྒྱ་ནག་གི་བཙན་འཛུལ་བྱ་སྤྱོད་དང་རྫུན་གཏམ་དྲིལ་བསྒྲགས་རྣམས་ཐེར་འདོན་བྱས་ཏེ་བདེན་པའི་སྐད་སྒྲ་བསྒྲགས་ཡོད་ཅེས་གསུངས་སོང་། གཞན་ཡང་ངོ་སྤྲོད་གནང་བ་ལྟར་ན། དཔེ་དེབ་འདི་དེ་ག་ལྟེ་གནས་ཁང་གིས་དབྱིན་ཡིག་ཏུ་ཕབ་བསྒྱུར་བྱས་ཏེ་མི་རིང་བའི་ཆར་པར་བསྐྲུན་བྱེད་འཆར་ཡོད་འདུག

ཆབ་སྲིད་བཙོན་ཟུར་ཟླ་བ་ཚེ་རིང་ལགས་ཀྱིས་རང་གིས་དངོས་སུ་མྱོང་བའི་གནར་གཅོད་ཀྱི་མྱོང་ཚོར་དང་འབྲེལ་བའི་སྐོར་ནས་གསུངས་དོན། སྤྱིར་རྒྱ་ནག་གཞུང་གིས་བོད་དུ་བཙན་འཛུལ་བྱས་པ་ནས་བཟུང་ཏེ་ད་ལྟའི་བར་དུ་བོད་མི་ཚོར་གནར་གཅོད་བཏང་དང་གཏོང་བཞིན་པ་རེད། ང་རང་ཉིད་ལྟ་བུ་ཞིག་ལ་མཚོན་ན། རྒྱ་ནག་གིས་བོད་ལ་ཡོངས་སུ་དབང་བསྒྱུར་བྱས་ཚར་བའི་རྗེས་ཀྱི་སྐར་ལྔའི་དར་དམར་འོག་ཏུ་འཚར་ལོངས་བྱུང་བའི་མི་ཞིག་རེད། ལོ་རབས་བརྒྱད་ཅུ་པའི་ནང་བོད་ཀྱི་མི་རབས་གསར་པ་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་ཆགས་ཏེ་དྲག་གནོན་ཀྱིས་དམར་གསོད་བཏང་བ་དང་བཙོན་དུ་བཅུག་པ་སོགས་བྱུང་ཡོད།  བཙོན་འཇུག་བྱས་རྗེས་ལུས་སེམས་གཉིས་ལ་མི་སྤྱོད་ལས་འདས་པའི་གནར་གཅོད་དང་རྡུང་རྡེག་ཚད་མེད་བཏང་བ་མ་ཟད། བཙོན་ནས་གློག་གྲོལ་ཐོབ་པའི་རྗེས་སུའང་རང་དང་འགྲོགས་འདྲེས་ཡོད་པའི་གྲོགས་པོ་རྣམས་ལ་རྒྱ་གཞུང་གིས་འབྲེལ་ལམ་བཅད་དགོས་པའི་འཇིགས་སྐུལ་བྱས་ཏེ། སྤྱི་ཚོགས་ནང་དུ་གྲོགས་མེད་ཁེར་རྐྱང་བཟོ་བཞིན་ཡོད་ཅེས་དང་། ཁོང་གིས་བཙོན་གྱི་མྱོང་ཚོར་སྐོར་ཕྱིར་དྲན་བྱེད་སྐབས་གསུངས་དོན། ཁོང་དང་བཙོན་ཁང་གཅིག་པའི་ཆབ་སྲིད་བཙོན་པ་མིང་ལ་ལྷག་ཚེ་རིང་ཟེར་བའི་རང་ལོ་༡༧ ཅན་གྱི་ཕོ་སར་ཞིག་ཡོད་པ་དང་། ཐོག་མ་ལྷག་པ་ཚེ་རིང་ནི་ཤ་རྒྱག་ཅིང་གཟུགས་སྟོབས་ཆེ་བའི་ཕོ་སར་ཞིག་ཡིན་ནའང་། དུས་ཡུན་གང་འཚམས་ཤིག་ལ་རྒྱ་གཞུང་གིས་སྡུག་སྦྱོང་གནར་གཅོད་ཚད་མེད་བཏང་རྗེས་ཤ་སྐམ་ཅིང་རུད་དེ། ལུས་པོ་སྒུར་ནས་འགྲོ་དགོས་པའི་མི་ཞིག་ཆགས་པ་དང་། ཉིན་ཞིག་གི་དགོང་མོར་ཁོ་ཉལ་སར་ལྷུང་ཏེ་ཡར་ལངས་མི་ཐུབ་པ་ཆགས་སྐབས། འབྲེལ་ཡོད་ཀྱི་བཙན་སྲུང་སྐད་བཏང་ཏེ་སྨན་ཁང་དུ་བསྐྱལ་དགོས་ལུགས་བརྗོད་སྐབས།  ཉེན་རྟོག་པས་ཆུ་ཚོད་ཕྱེད་ཙམ་རིང་གཤེ་གཤེ་བཏང་ཏེ་སེམས་ལ་ན་ཚ་བཟོས་པ་དང་། མཇུག་མཐར་སྨན་ཁང་དུ་སྐྱེལ་ཀྱང་དྲག་སྐྱེད་མ་བྱུང་བར་འདས་གྲོངས་སུ་གྱུར་ཡོད་ཅིང་། སྐབས་དེར་བཙན་པ་ཡོངས་རྫོགས་ཕྱིར་ཐོན་ནས་ཁོང་འདས་གྲོངས་སུ་གྱུར་པའི་རྒྱུ་རྐྱེན་འགྲེལ་བཤད་རྒྱག་དགོས་པའི་རེ་འདུན་བཏོན་སྐབས། ཁོང་ཚོས་“རྒྱུ་ལྷག་ལ་ཨུ་ཁུང་ཆགས་པའི་རྨ་ཁ་རུལ་བའི་རྐྱེན་བྱས་ཏེ་གྲོངས་པ་རེད་”ཟེར་ཞེས་དང་། ཁོང་གིས་མུ་མཐུད་དུ་གསུངས་དོན། རྒྱ་ནག་གིས་བཙོན་དུ་སྡུག་སྦྱོང་གནར་གཅོད་ཚད་མེད་བཏང་ནས་གསོད་པ་དང་བཙོན་ནས་གློད་གྲོལ་ཐོབ་ཀྱང་གཟུགས་པོ་ནད་གཅོང་ཅན་དུ་གྱུར་པ། ད་ལྟའི་བར་དུ་རྒྱུན་ཆད་མེད་པར་འབྱུང་དང་བྱུང་བཞིན་ཡོད་པ་དང་། ཁོང་རང་ཉིད་ཀྱི་ད་ལྟའི་སྐུ་གཟུགས་ཀྱི་གནས་སྟངས་ཀྱང་སྐྱོ་བོ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་དེ་གའི་ལྟེ་གནས་ཁང་གི་དང་བླངས་ལས་བྱེད་ཨ་རིའི་མི་སེར་ཡིན་པ་རྗོན་གྷི་ཊེ་ཊིས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་གནར་གཅོད་ཀྱི་གནད་དོན་སྐོར་ངོ་སྤྲོད་གནང་དོན། “རྒྱལ་སྤྱིའི་གནར་གཅོད་འགོག་སྲུང་ལྷན་ཚོགས”་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་རྒྱལ་ཁབ་ཁག་གིས་འཛམ་གླིང་གནར་གཅོད་འགོག་སྲུང་རྩ་འཛིན་ཁྲིམས་ལུགས་ལ་མཚན་རྟགས་བཀོད་དེ། རྒྱལ་ཁབ་དང་ལུང་པ་སོ་སོའི་ནང་དུ་གནར་གཅོད་གཏན་འགོག་ལག་སྟར་བྱེད་དགོས་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་ནག་ཡང་རྒྱལ་སྤྱིའི་གནར་གཅོད་འགོག་སྲུང་ལྷན་ཚོགས་ཀྱི་ཁོངས་གཏོགས་སུ་ཡོད་པ་མ་ཟད། འབྲེལ་ཡོད་རྒྱལ་སྤྱིའི་གནར་གཅོད་འགོག་སྲུང་རྩ་འཛིན་ཁྲིམས་ལུགས་ལ་མཚན་རྟགས་བཀོད་ཡོད་ཀྱང་། རྒྱ་ནག་གིས་རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ལུགས་རྩ་འཛིན་རྩིས་མེད་རྡོག་རོལ་དུ་གཏོང་ཏེ། རྒྱལ་སྤྱིའི་ཚོགས་ཆུང་གི་སྐྱོན་བརྗོད་ལ་ཁས་ལེན་རྩ་བ་ནས་བྱེད་བཞིན་མེད་པ་རེད་ཅེས་སོགས་རྒྱལ་སྤྱིའི་ཁྲིམས་ལུགས་དང་འབྲེལ་བའི་སྐོར་ནས་བརྗོད་བྱུང་།

དེ་བཞིན་<<དུར་ས་འཚོལ་བའི་མི་>>ཞེས་པ་ནི་བཅར་འདྲི་དང་ལྷུག་རྩོམ། སྙན་ངག་བཅས་ཀྱི་ལམ་བྲིས་པའི་དཔེ་དེབ་དེའི་ནང་དུ། བོད་རིགས་ལོ་ན་ཧ་ཅང་རྒན་གྲས་ཚོ་དང་གླེང་མོལ་བརྒྱུད། ཕྱི་ལོ་༡༩༥༠ ནང་རྒྱ་ནག་གིས་བོད་ལ་ཐོག་མར་བཙན་འཛུལ་བྱས་སྐབས་བོད་རིགས་དམར་གསོད་དང་ཡུན་རིང་བཙོན་དུ་བཅུག་ཏེ་མནར་གཅོད་བཏང་བ། ངལ་རྩོལ་སྒྱུར་བཀོད་ཁང་དུ་བཅུག་ཏེ་བཙན་དབང་གིས་མི་སྤྱོད་ལས་འདས་པའི་ངལ་རྩོལ་བྱས་བཅུག་པ་བཅས་ལ་བརྟེན་ནས། མནར་གཅོད་མ་ཐེགས་པར་རང་ཤི་བརྒྱབ་པ་དང་། ལྟོགས་ཤི་ཐེབས་པ་སོགས་ཡ་ང་བའི་དངོས་བྱུང་ལོ་རྒྱུས་རྣམས་བསྡུ་རུབ་བྱས་འདུག་པ་དང་། དེ་བཞིན་རྒྱ་ནག་དམར་ཤོག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་། བོད་ཀྱི་སྐད་ཡིག་ཉམས་རྒུད། རྩ་ཆེའི་གཏེར་ཁ་དང་ཤིང་ནགས་གཅོད་བྲེག་གིས་བོད་ཀྱི་ཁོང་ཡུག་རྩ་གཏོར་གཏོང་བཞིན་པ་བཅས་གསལ་པོ་བཀོད་འདུག་ལ། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོར་བོད་ས་ཡོངས་སུ་ཞི་བའི་སྒེར་ལངས་བྱུང་བའི་རྗེས། བོད་ནང་དུ་དམར་གསོད་དང་བཙོན་འཇུག་མནར་གཅོད་ཡ་ང་བ་འཕྲད་བཞིན་པ་དེར། བོད་མི་སེར་སྐྱ་མང་པོས་རང་ལུས་མེར་བསྲེགས་ཏེ་ཞི་རྒོལ་བྱེད་བཞིན་པའི་སྙིང་སྟོབས་ལ་གདེང་འཇོག་དང་ཡི་རངས་བསྔགས་བརྗོད་གནང་བའི་ཐོག རྒྱ་ནག་གིས་ཞི་བའི་ལས་འགུལ་དེ་རིགས་ཕྱི་རྒྱལ་དུ་ཡོད་པའི་ཏཱ་ལའི་ཚོིགས་པས་ངན་སྐུལ་བྱས་པ་རེད་ཟེར་བ་དེ་དྲང་པོ་དང་བདེན་པ་མིན་ལུགས་ནན་བརྗོད་གནང་འདུག