འཛམ་གླིང་ལ་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་རེད།

2013_6_27_1

དེ་རིང་ཞོགས་པར་༧གོང་ས་མཆོག་གིས་ཉིན་གཉིས་ཀྱི་རིང་མཐོ་སློབ་ཁག་མི་འདྲ་བ་༧༠ ནས། མཐོ་རིམ་སློབ་མ་༦༠༠ ལྷག་གཙོས་པའི་བོད་ཁྱིམ་སློབ་གྲྭ་ཁག་གི་སློབ་ཕྲུག་༢༠༠༠ ཙམ་ལ་༧གོང་ས་མཆོག་རང་ཉིད་ཀྱིས་བརྩམས་པའི་“ལེགས་བཤད་བློ་གསར་མིག་འབྱེད”་ཀྱི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་འགོ་བརྩམས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་ཞོགས་པའིོ་ཆུ་ཚོད་༨།༣༠ ཀྱི་སྟེང་དྷ་སའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་གོ་སྒྲིག་འོག་དྷ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ་། ༧གོང་ས་མཆོག་གིས་ཉིན་གཉིས་ཀྱི་རིང་བོད་ཀྱི་མཐོ་སློབ་རིམ་སློབ་མ་ཚོ་གཙོས་སློབ་ཕྲུག་ཚོར་༧གོང་ས་མཆོག་རང་ཉིད་ཀྱིས་བརྩམས་པའི་ལེགས་བཤད་བློ་གསར་མིག་འབྱེད་ཀྱི་ཐོག་ནས་ནང་ཆོས་ངོ་སྤྲོད་གནང་སོང་ལ། ལོ་འདིའི་ནང་ཆོས་ངོ་སྤྲོད་ཐོག་རྒྱལ་ཁབ་༦ གི་མངའ་སྡེ་མི་འདྲ་བ་༣༦ ནས་མཐོ་རིམ་སློབ་མ་༦༠༠ ལྷག་གཙོས་པའི་བོད་ཀྱི་སློབ་ཕྲུག་༢༠༠༠ ཙམ་ཆེད་བཅར་ཞུས་ཡོད་པ་རེད་འདུག

2013_6_27_1༧གོང་ས་མཆོག་གིས་གསུང་ཆོས་དབུ་འཛུགས་མ་གནང་གོང་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་སློབ་མ་ཁག་ཅིག་ནས་རིགས་ལམ་རྩོད་རྒྱུགས་སྤྱན་འབུལ་ཞུས་སོང་། དེ་རྗེས་༧གོང་ས་མཆོག་གིས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་གནང་དོན། “དེ་རིང་ཁྱེད་རང་ཚོ་འདིར་ཡོང་ནས་ཡོང་གོ་ཆོད་པ་ཞིག་བྱེད་དགོིས་ཀྱི་ཡོད་རེད། ཁྱེད་རང་ཚོ་འདིར་ལྟད་མོ་ལྟ་སར་ཡོང་བ་མ་རེད། འཛམ་གླིང་འདིའི་སྒང་གི་རིག་གཞུང་རྙིང་ཤོས་ཤིག་སྦྱང་སར་ཡོང་བ་རེད། སྤྱིར་བཏང་འཛམ་གླིང་འདིའི་སྒང་ཆོས་ལུགས་དང་རིག་གཞུང་རྙིང་པ་མང་པོ་ཡོད་རེད། ཡིན་ན་ཡང་དུས་རབས་ཉེར་གཅིག་པའི་ནང་དགོས་མཁོ་དང་ཕན་ཐོགས་ཡོད་བསྡད་པ་ཞིག་རེད། ཕལ་ཆེར་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་ཀྱི་ལྟ་གྲུབ་དང་དེ་དང་འབྲེལ་བའི་མིའི་གོམས་གཤིས་དེ། ད་ལྟའི་འཛམ་གླིང་འདི་དང་འབྲེལ་བ་ཡོད་བསྡད་པ་ཞིག་དང་། ཕན་ཐོགས་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད་རེད། དེ་ལྟ་བུའི་ལྟ་གྲུབ་དེ་ཁུངས་ལྡན་ཞིག་ཆགས་ཀྱི་ཡོད་རེད། སྔོན་མ་ཚོད་དཔག་བྱས་བཞག་པ་དེ་ཚོ་དེང་སང་མིག་མཐོང་ལག་ཟིན་གྱི་ཐོག་ནས་གཏན་འབེབས་བྱས་བཞག་པ་ཞིག་ཡོང་གི་ཡོད་རེད། སྔར་མ་ཤེས་པ་དང་མ་ཐོས་མེད་པ་དེ་འདྲ་དེང་སང་གསར་དུ་ཤེས་པ་དེ་འདྲ་ཡོང་གི་ཡོད་རེད། ནང་བསམ་བློ་དང་འབྲེལ་བ་དེ་དག་འཕྲུལ་ཆས་ཀྱི་ཐོག་ནས་རིག་པ་གསར་པ་རྙེད་ཟེར་བ་དེ་འདྲ་ཕལ་ཆེར་ཡོད་མ་རེད”་ཅེས་དང་།

༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་དོན། “ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་པའི་ལྟ་གྲུབ་དེ་ཁུངས་དང་ལྡན་པ་དང་གཏིང་ཟབ་ཅིག་ཆགས་ཡོད་རེད་ལ། འཛམ་གླིང་འདིའི་སྒང་ད་ལྟའི་བར་དུས་རབས་དང་འབྲེལ་བ་ཡོད་པའི་རིག་གཞུང་ཞིག་ཆགས་ཡོད་རེད། ད་ལྟ་འཛམ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་དེ་རིང་ང་རང་ཚོས་བགྲོ་གླེང་བྱེད་རྒྱུ་བྱུང་པ་རེད། དེར་བརྟེན་ཉིན་གཉིས་ཀྱི་རིང་ཁྱེད་རང་ཚོས་སྔར་མ་ཤེས་པ་གསར་དུ་ཤེས་པ་དང་། ཤེས་ནས་ངེས་པ་མ་རྙེད་པ་དེ་དག་གསལ་པོ་ཆགས་པའི་རེ་བ་ཡོད། དེ་ལྟ་བུའི་གནད་དོན་གང་ཞིག་ཤེས་པ་དེ་དག་ཤེས་བྱ་རྒྱ་ཆེ་རུ་གཏོང་བ་གཅིག་པུ་མ་རེད། མི་ཚེའི་ནང་གི་བསམ་བློ་གཏོང་སྟངས་ལ་ལམ་སྟོན་ཞིག་བྱེད་ཀྱི་ཡོད་རེད། དེང་སང་འཛམ་གླིང་འདིར་ཕྱིའི་དངོས་པོ་དང་འབྲེལ་བའི་ཤེས་ཡོན་ཚད་ལས་བརྒལ་བའི་ཡར་རྒྱས་ཡོད་མཁན་ཚོ་ཡིན་ན་ཡང་། བསམ་བློའི་ནང་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་རེད། དེ་ཁག་ཡོད་མ་རེད། སྤྱི་ཚོགས་ནང་གི་ཤེས་ཡོན་དེ་དེང་རབས་ཀྱི་ཕྱིའི་དགོས་པོའི་ཡར་རྒྱས་ཁོ་ནར་དམིགས་པ་ཞིག་ཆགས་བསྡད་ཡོད་རེད། ནང་སེམས་ལ་ཞི་བདེ་ག་འདྲ་བསྐྲུན་དགོས་ཀྱི་ཡོད་མེད་ཀྱི་སྐོར་དེ། ད་ལྟ་ཡོད་བཞིན་པའི་འཛམ་གླིང་གི་ཤེས་ཡོན་ནང་ཡོད་མ་རེད། དེར་བརྟེན་ཁྱེད་རང་ཚོས་ཀྱང་དེང་དུས་ཀྱི་ཤེས་ཡོན་གཅིག་པུས་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱེད་ཐུབ་པ་ཕལ་ཆེར་ཁག་པོ་རེད”་ཅེས་གསུངས་ཏེ། སྤྱི་ཚོགས་ག་འདྲ་ཞིག་ཡིན་རུང་མི་ཚེ་སྐྱིད་པོ་ཞིག་སྐྱེལ་བར་ཕྱིའི་དངོས་པོ་ཡར་རྒྱས་གཏོང་བ་གཅིག་པས་མི་འགྲིག་པར། གཙོ་བོ་ནང་སེམས་ཀྱི་བསམ་བློར་འགྱུར་བ་བཏང་སྟེ་སེམས་ལ་ཞི་བདེ་བསྐྲུན་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་ལམ་སྟོན་གནང་སོང་།

2013_6_27_2དེ་རིང་གི་དངོས་གཞིའི་གསུང་ཆོས་གྲུབ་མཚམས་༧གོང་ས་མཆོག་གིས་སློབ་ཕྲུག་ཚོའི་དྲི་བར་བཀའ་ལན་ཡང་གནང་ཡོད་པ་དང་། དེ་བཞིན་ཉིན་གུང་རྒྱབ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་སློབ་ཕྲུག་ཚོར་ཤེས་ཡོན་དང་འབྲེལ་བའི་གསུང་བཤད་གནང་རྒྱུ་རེད་འདུག

ཕྱི་ལོ་༡༩༦༣ ལོར་༧གོང་ས་མཆོག་གིས་བརྩམས་པའི་ལེགས་བཤད་བློ་གསར་མིག་འབྱེད་ལ་རྩ་བའི་ས་བཅད་ཆོས་བྱེད་དགོས་པའི་རྒྱུ་མཚན་དང་། བདེན་པ་གཉིས་ཀྱི་ངོས་འཛིན། སངས་རྒྱས་ཀྱི་གསུང་རབས་རྣམས་སྡེ་སྣོད་གསུམ་དུ་འདུ་ཚུལ་དང་སྡེ་སྣོད་གསུམ་འཇོག་དགོས་པའི་རྒྱུ་མཚན། སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་གྱི་དང་པོ་ཚུལ་ཁྲིམས་ཀྱི་བསླབ་པའི་སྐོེར། གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པའི་སྐོར། གསུམ་པ་ཤེས་རབ་ཀྱི་བསླབ་པའི་སྐོར་སོགས་ས་བཅད་ཁག་༡༡ ཡོད་པ་རེད།