བོད་མིའི་ཁྲིམས་ལུགས་རིག་པའི་ལྷན་ཚོགས་ཤིག་འཛུགས་འཆར།
“མང་གཙོ་དང་བཙན་བྱོལ་གཉིས་ཀྱི་བར་ལྟ་གྲུབ་ཐོག་ནས་འགལ་ཟླ་འགྲོ་ཡི་རེད། བཙན་བྱོལ་སྒྲིག་འཛུགས་རྩ་དོན་རྩོད་མཁན་ཡིན་ན། དེ་ལ་ཆིག་སྒྲིལ་དང་། འགོ་ཁྲིད་གཅིག འབོད་སྒྲ་གཅིག་དགོས་པ་གསལ་པོ་རེད། མང་གཙོ་ཟེར་དུས་ཆིག་སྒྲིལ་ལ་ལྟ་གྲུབ་འདྲ་མིན་དང་།
འགོ་ཁྲིད་གཅིག་ལ་ཕྱོགས་འགལ་ཚོགས་པ། འབོད་སྒྲ་གཅིག་ལ་སྨྲ་བརྗོད་རང་དབང་དགོས་པ་རེད་”ཅེས་སྲིད་སྐྱོང་བློ་བཟང་སེང་གེས་གསུངས་སོང་།
ཕྱི་ཟླ་༦ ཚེས་༢༨ ཉིན་གྱི་སྔ་དྲོ་དྷ་ས་གངས་ཅན་སྐྱིད་གཤོང་གི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཚོགས་ཁང་དུ་བོད་མིའི་ཁྲིམས་ལུགས་སློབ་ཐོན་པ་དང་། མཐོ་སློབ་ཁག་ཏུ་སློབ་གཉེར་བྱེད་བཞིན་པ་༤༡ མཉམ་ཞུགས་ཀྱིས་ལྷན་ཚོགས་ཤིག་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་དང་། ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ། སྲིད་སྐྱོང་བློ་བཟང་སེང་གེ་བཅས་ཕེབས་ཡོད་པ་དང་། ཚོགས་འདུ་དེ་ཉིན་གསུམ་རིང་འཚོགས་ཏེ། བོད་མིའི་ཁྲིམས་ལུགས་རིག་པའི་ལྷན་ཚོགས་ཤིག་གསར་འཛུགས་བྱེད་འཆར་ཡོད་པ་རེད།
ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་གྱིས་ལྷན་ཚོགས་དབུ་འབྱེད་ཀྱི་གསུང་བཤད་གནང་སྐབས། “ལྷན་ཚོགས་འདི་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་རིགས་ཁྲིམས་ལུགས་རིག་པ་བ་རྣམས་ལ་ཆེ་མཐོང་གི་རྣམ་པ་སྟོན་ཐབས་དང་། ཡུལ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཤེས་ཡོན་ཐོག་རིགས་གཅིག་རྐང་འཛིན་པ་གང་མང་སྐྱེད་སྲིང་ཡོང་ཐབས། བོད་མིའི་ཁྲིམས་ལུགས་རིག་པ་བ་རྣམས་ཀྱི་ཆེད་ལས་ཀྱི་ནུས་སྟོབས་རྣམས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་བོད་ཀྱི་རྩ་དོན་ཐོག་ཞབས་འདེགས་སྒྲུབ་ཐབས་ཇི་ཡོད་བཅས་ལ་གོ་བསྡུར་བགྲོ་གླེང་ཞིབ་རྒྱས་གནང་སྟེ། ཚོགས་བཅར་བའི་རྣམ་དཔྱོད་ལྷན་ཚོགས་འདིའི་ཐོག་སྤུངས་ཐུབ་ན། གྲུབ་དོན་སྙན་ཐོ་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཆགས་སོ་སོར་འབུལ་གཏོང་དང་། དེ་བཞིན་མཇུག་སྐྱོང་གི་བྱེད་སྒོ་ཁག་ཁུངས་སོ་སོར་ལག་བསྟར་ཆེད་འཇོག་འཆར་ཡིན་”ཞེས་འགྲེལ་བརྗོད་གནང་ཡོད།
ཁྲིམས་ཞིབ་པ་ཆེ་བས་ཁྲིམས་ལུགས་སློབ་གཉེར་བ་དགོས་སྐོར་གསུངས་དོན། “བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་བོད་མིའི་སྒྲིག་འཛུགས་འདི་བཞིན་ཀ་བ་གསུམ་ལྡན་གྱི་མང་གཙོའི་ལམ་ལུགས་འོག་འཛིན་སྐྱོང་གནང་བཞིན་ཡོད་པར། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཁྲིམས་ཞིབ་ཁང་རིམ་པས་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་། འབྲེལ་ཆགས་ལས་བྱེད་རྣམས་རིམ་བཞིན་ཁྲིམས་ལུགས་ཀྱི་ཤེས་ཡོན་ལྡན་པའི་མི་འགྲོ་ཤ་སྟག་ཡོང་རྒྱུ་ང་ཚོའི་མཐར་ཐུག་གི་དགོས་མཁོ་ཡིན་ལ་རེ་བའང་དེ་ཡིན། སྤྱིར་བཏང་མང་གཙོའི་ལམ་ལུགས་ཀྱི་ཀ་བ་ནི་ཁྲིམས་ཀྱིས་དབང་བསྒྱུར་ཡིན་ཞིང་། ཁྲིམས་ཀྱིས་དབང་བསྒྱུར་གྱི་གཞི་མ་ཁྲིམས་ལུགས་ཡིན་ལ། ཁྲིམས་ལུགས་ཀྱི་སྲོག་རྩ་ཁྲིམས་ལུགས་རིག་པ་བར་ཐུག་ཡོད་པས། ཁྲིམས་ལུགས་རིག་པ་བའི་རིགས་གཅིག་རྐང་འཛིན་ནི་ཆེད་ལས་གཞན་ལས་ཁྱད་དུ་འཕགས་པ་མ་ཟད། མང་གཙོའི་ལམ་སྲོལ་ཉམས་ལེན་བྱེད་མཁན་གྱི་སྤྱི་ཚོགས་ལ་མཚོན་ན། ཁྲིམས་ལུགས་རིག་པ་བའི་ནུས་སྟོབས་ནི་དེ་བས་ཀྱང་རྩ་འགངས་ཆེན་པོ་ཡིན་”ཞེས་གསུངས་སོང་།
ཐེངས་འདིའི་ལྷན་ཚོགས་སུ་རྒྱ་གར་ནང་བཙན་བྱོལ་བོད་མིའི་ས་གནས་ཁྲིམས་ཞིབ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད། དེ་བཞིན་རྒྱ་གར་གྱི་སྒེར་གཉེར་སྡེ་ཁག་གི་ཡུལ་ཁྲིམས་ལམ་སྟོན་པ་དང་ཁྲིམས་རྩོད་པ་བཅས་མི་གྲངས་༢༩ དང་། ཁྲིམས་ཀྱི་མཐོ་རིམ་སློབ་གྲྭ་ཁག་ནང་སློབ་མ་གྲངས་༢༧ བཅས་བསྡོམས་གྲངས་༥༦ བརྩད་གཅོད་བྱུང་ཁོངས་ནས་དངོས་སུ་ཚོགས་བཅར་གནང་མཁན་མི་གྲངས་༤༡ ཡོད་པ་དང་།
ད་དུང་ཨ་རི་དང་ཁེ་ན་ཌ། སུད་སི། དབྱིན་ལན། ཧྥ་རན་སི། སི་པེན། ཨོ་སི་ཀྲོ་ལི་ཡ་བཅས་རྒྱལ་ཁབ་བདུན་གྱི་ནང་རང་རིགས་ཁྲིམས་ལུགས་སློབ་ཐོན་པ་དང་སློབ་མ་བསྡོམས་གྲངས་༤༣ ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འབྲེལ་གཏུག་བྱེད་ཐུབ་པ་བྱུང་ཡོད་འདུག བཙན་བྱོལ་བོད་མིའི་ནང་བསྡོམས་པའི་ཁྲིམས་ལུགས་ཐོག་མཐོ་སློབ་མཐར་ཕྱིན་མཁན་བརྒྱ་མ་ཟིན་ཙམ་ཡོད་འདུག
སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་བོད་ཀྱི་རྩ་དོན་དོན་དང་འབྲེལ་བའི་ཐོག་ནས་ཁྲིམས་སློབ་སྦྱོང་གལ་ཆེན་ཡིན་སྐོར་གསུངས་དོན། “རྒྱ་གར་གྱིས་རང་བཙན་རྩོད་སྐབས། མ་ཧ་མ་གྷན་དྷི་དང་། དཔལ་ལྡན་ནི་ཧ་རི་རྣམ་གཉིས་ཀྱིས་ཁྲིམས་སློབ་སྦྱོང་བྱས་པ་རེད་ལ། ཨ་རི་ལྟ་བུ་ཡིན་ན་སྐད་གྲགས་ཆེ་བ་བྷེལ་ཁི་ལིན་ཊོན། ཨོ་བྷ་མ། ཧི་ལེ་རི་ཁི་ལོན་ཊོན་སོགས་ཀྱིས་ཁྲིམས་སློབ་སྦྱོང་བྱས་པ་རེད། ཉི་ཧོང་གི་གྲོས་ཚོགས་ནང་ཚོང་པ་མང་པོ་ཡོད་པ་ཟེར་བ་གོ་མྱོང་། དེ་མ་གཏོགས་རྒྱ་གར་སོགས་འཛམ་གླིང་གང་སར་གྲོས་ཚོགས་འཐུས་མི་ཁྲིམས་ལུགས་སློབ་གཉེར་བྱས་པའི་ཁྲིམས་རྩོད་པ་ཆགས་ཀྱི་ཡོད་པ་རེད། ཁྲིམས་ལུགས་ཀྱི་ལག་ཁྱེར་ཞིག་ཡོད་ན། བོད་ཀྱི་རྩ་དོན་ཆེད་ཐུགས་ཕན་སོས་པའི་ཞབས་ཕྱི་ཞུ་རྒྱུར་ཆ་རྐྱེན་གལ་ཆེ་བ་གཅིག་རེད། ཡིན་ནའང་། དམིགས་བསལ་གྱི་གནད་འགག་དེ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཐོག་གོང་དུ་ཁྲིམས་ཞིབ་པ་ཆེ་བས་གསུངས་པ་བཞིན། ༧གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བོད་མིའི་སྒྲིག་འཛུགས་དང་བོད་མིིའི་སྤྱི་ཚོགས་མང་གཙོའི་ལམ་ལུགས་ཐོག་འགྲོ་དགོས་པ་རེད་ཅེས་བཀའ་སློབ་རིམ་པ་ཕེབས་ཡོད་པ་རེད། བཙན་བྱོལ་ནང་གི་བོད་མི་ཚོ་ལོ་ལྔ་བཅུའི་རིང་མང་གཙོ་ཚད་ལྡན་ཞིག་ཆགས་ཡོད་པ་རེད་ཅེས་བཤད་ཆོག་པ་ཞིག་རེད། ཆེས་མཐོའི་ཁྲིམས་ཞིབ་ཁང་། གྲོས་ཚོགས། འཛིན་སྐྱོང་། དེ་བཞིན་ཕྱག་ལས་གནང་ཕྱོགས་གང་ལ་བལྟས་ཀྱང་། སྐྱབས་བཅོལ་བ་དང་བཙན་བྱོལ་བའི་སྤྱི་ཚོགས་ནང་སྒྲིག་འཛུགས་འདི་འདྲ་མེད་པ་གསལ་པོ་རེད། རྒྱལ་ཁབ་ཡོད་པའི་འགྲོ་སྟངས་དེ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བལྟས་ན། བོད་མིའི་སྒྲིག་འཛུགས་དེ་ཚགས་ཚུད་པའི་གྲལ་དུ་བརྩིས་ན་འགྲིག་གི་རེད་བསམ་གྱི་འདུག ཡིན་ནའང་། ༧གོང་ས་མཆོག་གི་འཆར་སྣང་གཞིར་བཟུང་བཙན་བྱོལ་ནང་མང་གཙོ་དགོས་ཀྱི་རེད་ཟེར་ཡོང་དུས། ལྟ་གྲུབ་ཐོག་འགལ་ཟླ་འགྲོ་བའི་རྣམ་པ་ཞིག་ཡོད་པ་རེད། བཙན་བྱོལ་སྒྲིག་འཛུགས་ནང་མང་གཙོ་ལག་བསྟར་བྱས་པ་ཕལ་ཆེར་ཡོད་པ་མ་རེད། ལོ་རྒྱུས་ཐོག་ལ་དཀོན་པོ་རེད། མང་གཙོ་དང་བཙན་བྱོལ་གཉིས་ཀྱི་བར་ལྟ་གྲུབ་ཐོག་འགལ་ཟླ་འགྲོ་ཡི་རེད། བཙན་བྱོལ་སྒྲིག་འཛུགས་རྩ་དོན་རྩོད་མཁན་ཡིན་ན། དེ་ལ་ཆིག་སྒྲིལ་དང་། འགོ་ཁྲིད་གཅིག འབོད་སྒྲ་གཅིག་དགོས་པ་གསལ་པོ་རེད། མང་གཙོ་ཟེར་དུས་ཆིག་སྒྲིལ་ལ་ལྟ་གྲུབ་འདྲ་མིན་དང་། འགོ་ཁྲིད་གཅིག་ལ་ཕྱོགས་འགལ་ཚོགས་པ། འབོད་སྒྲ་གཅིག་ལ་སྨྲ་བརྗོད་རང་དབང་དགོས་པ་རེད། དེར་བརྟེན། མང་གཙོ་དང་རྩ་དོན་རྩོད་མཁན་གྱི་སྒྲིག་འཛུགས་གཉིས་ཀྱི་བར་ལྟ་གྲུབ་ཐོག་ནས་འགལ་ཟླ་ཆགས་པ་རེད། ང་ཚོའི་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་ལུགས་གཞན་དང་མ་འདྲ་བར་ཐུན་མོང་མ་ཡིན་པ་ཟེར་བ་དེ་དངོས་གནས་རེད། ཐུན་མོང་མ་ཡིན་པ་ཟེར་བ་དེ་ཡག་པོ་ཞེ་དྲག་ཡོད་པ་བཤད་ཀྱི་ཡོད་པ་རེད་མོད། དེ་རྩོད་གཞི་ཡིན་པ་ཆ་བཞག་ནའང་། ཐུན་མོང་མ་ཡིན་པ་ཏན་ཏན་ཆགས་ཡོད་པ་རེད། བཙན་བྱོལ་གཞུང་མང་པོ་ཡོད་པ་རེད་མོད། མི་མང་གིས་འོས་བསྡུ་བྱས་པའི་སྲིད་སྐྱོང་དང་། གྲོས་ཚོགས་འཐུས་མི། ཁྲིམས་ཞིབ་པ་དེ་འདྲ་ཡོད་མཁན་དཀོན་པོ་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས་མུ་མཐུད་སྐྱབས་བཅོལ་དང་མང་གཙོའི་སྐོར་གསུངས་དོན། “ལྟ་གྲུབ་ཀྱི་ཐོག་ནས་འགལ་ཟླ་ཡོད་དུས་སྒྲིག་འཛུགས་ཀྱི་ཐོག་དང་། རྣམ་དཔྱོད་ཀྱི་ཐོག་ནས་ཀྱང་འགལ་ཟླ་ཆགས་ཀྱི་རེད། རྩ་དོན་རྩོད་མཁན་ཡིན་ན་རྡོག་རྩ་ཆིག་སྒྲིལ་བྱས། འབོད་སྒྲ་གཅིག་དང་འགོ་ཁྲིད་གཅིག་གི་འོག་ཏུ་འགྲོ་དགོས་པ་རེད་ཟེར་གྱི་ཡོད་པ་རེད་དེ། ཡང་ཕྱོགས་གཞན་ནས་མང་གཙོ་ཡང་དག་པ་ཡིན་ན། གཏམ་བརྗོད་ཀྱི་རང་དབང་དགོས་པ་རེད། སྐྱོན་འཛུགས་བྱས་ཆོག་དགོས་ཀྱི་རེད། ཕྱོགས་འགལ་ཚོགས་པ་དགོས་པ་རེད། ཆིག་སྒྲིལ་གྱི་ཐོག་ལ་དགོངས་ཚུལ་ཡང་འགྲོ་སྟངས་འདྲ་མིན་དགོས་པ་རེད་ཟེར་གྱི་ཡོད་པ་རེད། དེ་རིང་འདི་ཞུས་ན་རྣམ་པ་ཚོ་ཁྲིམས་སློབ་གཉེར་བྱེད་མཁན་ཡིན་པས། གོ་ནོར་ཐེབས་ཀྱི་མ་རེད་བསམ་གྱི་འདུག དེ་མིན་མང་ཚོགས་ནང་བཤད་པ་ཡིན་ན། བཀའ་ཤག་སྐབས་བཅུ་བཞི་པའི་འོག་རྡོག་རྩ་ཆིག་སྒྲིལ་དང་གཏམ་བརྗོད་རང་དབང་ཡོད་ན་མེད་ན། ག་རེ་འདྲ་ཟེར་གྱི་ཡོད་ན་བསམ་གྱི་རེད། ཡིན་ནའང་རྣམ་པ་ཚོས་ལྟ་གྲུབ་ཀྱི་ཐོག་འགལ་ཟླ་ཡོད་པ་དེ་གཟིགས་ཐུབ་ཀྱི་རེད། ལྟ་གྲུབ་ཐོག་ནས་འགལ་ཟླ་ཡོད་པས། ཕྱག་ལས་གནང་སྐབས་ཀྱང་འགལ་ཟླ་ཡོང་སྲིད་པ་རེད། དེའི་སྐབས་ཡང་རྗིད་བཀྱག་ནས་རྩ་དོན་རྩོད་རྒྱུ་གལ་ཆེན་པོ་ཡིན་པ་དང་། མང་གཙོ་གལ་ཆེན་པོ་ཡིན་པའི་བགྲོ་གླེང་ཡོང་གི་ཡོད་པ་རེད་”ཅེས་གསུངས་སོང་།
སྲིད་སྐྱོང་གིས་མཐུད་གསུང་བཤད་སྐབས། ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་སྐོར་འབྲི་མཁན་ཉུང་ཉུང་ཡིན་སྐོར་དང་། ཁྲིམས་ཐོག་ནས་བོད་དོན་དང་འབྲེལ་བའི་སྐོར་དོ་སྣང་དགོས་སྐོར། ཁྲིམས་ལུགས་ཐོག་འབུམ་རམས་པ་མང་པོ་ཡོད་ན་རྒྱལ་སྤྱིའི་ཐོག་མཐོང་ཡོད་སྐོར། ཁྲིམས་ཐོག་ནས་བོད་དོན་ལ་ལས་དོན་བྱེད་ཕྱོགས། རྒྱ་གར་ནང་ལྟ་བུ་ཡིན་ན་བོད་མིའི་སྤྱི་ཚོགས་ནང་ཁྲིམས་ཐོག་ནས་ཕན་ཐོགས་ཡོད་པའི་ལས་དོན་བྱེད་ཕྱོགས་སྐོར། སྤྱི་ཚོགས་ནང་གཉོམ་ཆུང་དང་། ཉམ་ཐག་ལ་ཁྲིམས་རྩོད་པས་རོགས་སྐྱོར་དགོས་སྐོར་གསུངས་ཡོད་པ་རེད།
ཕྱི་ཚེས་ ༢༨ ནས་ ༣༠ བར་གྱི་ཉིན་གསུམ་རིང་གི་ཚོགས་འདུའི་ལས་རིམ་ནང་། ཉིན་དང་པོར་དབུ་འབྱེད་མཛད་སྒོའི་རྗེས་སུ་ཁྲིམས་ཞིབ་པ་ངག་དབང་ཐུབ་བསྟན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་འཛིན་སྐྱོང་སྐོར་ངོ་སྤྲོད་དང་། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འགན་དབང་། ལས་དོན་བྱེད་ཕྱོགས་ངོ་སྤྲོད་ཀྱི་ལས་རིམ་ཡོད་པ་དང་། ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུ་རྒྱུ། ཉིན་རྒྱབ་ནས་བོད་མིའི་ཁྲིམས་ལུགས་རིག་པའི་ལྷན་ཚོགས་འཛུགས་རྒྱུའི་གྲོས་གཞིའི་ཐོག་ཚོགས་ཆུང་ཁག་གསུམ་དུ་ཆ་བགོས་ཀྱིས་གོ་བསྡུར་གནང་སྟེ། ཚོགས་ཆུང་ཁག་གི་སྙན་ཐོ་ཕྱོགས་བསྡོམས་གྲུབ་མཚམས། ལྷན་ཚོགས་ཐོག་དོན་ཚན་རེ་རེ་བཞིན་གཏན་འབེབས་གནང་རྒྱུའི་ལས་འཆར་བསྒྲིགས་ཡོད་པ་རེད།།