རེ་བ་སྟོང་པ་དང་ལག་པ་སྟོང་པ།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༤༤ ཕྱི་ལོ་ ༢༠༡༣/༦/༢༦
བདེན་རྫུན་གང་ཡིན་གསལ་ཆ་མ་ངེས་ཀྱང་ཉེ་ཆར་བོད་ཕྱི་ནང་གཉིས་སུ་གྲགས་ཆེ་བ་ནི། རྒྱ་དམར་དྲག་གཞུང་གི་ངོས་ནས་༧གོང་ས་མཆོག་ལ་འཛིན་པའི་སྲིད་བྱུས་ལྷོད་དུ་བཏང་ནས་སྐུ་པར་སྒྲིག་གཤོམ་ཆོག་ཚུལ་དང། ཆོས་ལུགས་མི་སྣ་རྣམས་ཀྱིས་༧གོང་ས་མཆོག་ལ་སྐུར་འདེབས་བྱེད་མི་དགོས་ཚུལ་ས་གནས་ཁག་ཅིག་ནས་ཐག་གཅོད་བྱས་ཚུལ་དེ་ཡིན་པ་དང་།

གནད་དོན་དེ་རྒྱ་ནག་དབུས་གཞུང་གིས་ཁྱབ་བསྒྲགས་བྱས་མེད་པར་ས་གནས་ནས་ཁྱབ་བསྒྲགས་བྱས་ཚུལ་གླེང་བ་དེ་དག་བདེན་པ་མིན་ཚུལ་རྒྱ་ནག་ཏུ་བཞུགས་པའི་བོད་ཀྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་གྱིས་བརྗོད་འདུག སྤྱི་ཡོངས་ཀྱི་ཆ་ནས་མཚོ་སྔོན་ཞིང་ཆེན་གྱི་ས་ཆ་ཁ་ཤས་ནང་༧གོང་ས་མཆོག་གི་སྐུ་པར་ལ་དམ་དྲག་ཆེན་པོ་དེ་ཙམ་བྱས་མེད་པ་མ་ཟད། ལྷག་དོན་ཡུལ་ཤུལ་ཁུལ་ལྟ་བུར་མཚོན་ན་སྔར་ནས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་ཡོངས་གྲགས་ཀྱིས་བྱེད་བཞིན་པ་རེད།

 

བཙན་གནོན་དང་རྡུག་རྡེག རྒྱུ་ནོར་གྱི་བསླུ་བྲིད་སོགས་ཐབས་ཤེས་འཇམ་རྩུབ་གང་འདྲ་ཞིག་སྤྱད་ཀྱང། བོད་མི་རིགས་ཀྱི་སེམས་ནང་གི་༧གོང་ས་མཆོག་ལ་དད་འདུན་དང་དགའ་ཞེན་གྱི་གནས་བབས་དེ། བསུབ་རྒྱུའི་ནུས་པ་རྒྱ་དམར་དྲག་གཞུང་ལ་གཏན་ནས་མེད་པ་དེ་འདས་ཟིན་པའི་ལོ་རྒྱུས་དང་ད་ལྟའི་གནས་བབས་ཀྱིས་ར་སྤྲོད་བྱས་ཡོད་པས། ཕྱི་ཚུལ་ནས་སྐུ་པར་ཙམ་སྒྲིག་གཤོམ་བྱེད་ཆོག་དང་མི་ཆོག་གིས་དེ་ཙམ་གྱི་ཕན་ནུས་ཆེ་ཆུང་གང་ཡང་མེད། སྤྱིར་གནད་དོན་འདི་ལྟ་བུའི་རིགས་ལ་ཐག་གཅོད་རྒྱ་དམར་དྲག་གཞུང་གིས་བྱེད་འོས་པ་དང་བྱེད་རན་པ་ཞིག་ཡིན་ཡང། གནས་ལུགས་ལ་རྒྱབ་ཀྱིས་ཕྱོགས་ཤིང། བདེན་རྫུན་ག་ཕྱི་ལོག་པའི་དྲག་པོའི་སྲིད་གཞུང་འདིའི་སྔ་ཕྱིའི་བྱེད་སྟངས་གང་ལ་བལྟས་ཀྱང་ད་ལྟའི་བཤད་ཡམས་དེ་བདེན་པ་མིན་པའི་ཕྱོགས་སུ་ཐག་ཉེ་བར་སྣང། གལ་སྲིད་བདེན་སྲིད་ཀྱང་གནད་དོན་འདི་ལྟ་བུའི་རིགས་ནི་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་རྣམ་འགྱུར་སྟོན་ཆེད་ཙམ་ཡིན་པ་ལས། བོད་མི་རིགས་ཀྱི་འཕྲལ་ཕུགས་གནད་དོན་ལ་གཞིགས་ནས་ཐག་གཅོད་བཟང་ཕྱོགས་སུ་བྱས་པ་ཞིག་མིན་པ་ཁ་ཚོན་བཅད་ནས་བཤད་ཆོག

གནད་དོན་གཙོ་བོ་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་གནས་བབས་དང། རྒྱལ་ཁབ་ཀྱི་གནས་བབས་དེར་བསྐྱར་ལོག་བྱེད་ཐབས་མེད་ཀྱང། དེ་དག་ནི་བདེན་དོན་དང་ལ་རྒྱའི་གཞི་རྩ་ལྟ་བུ་ཡིན། གལ་སྲིད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་དུས་ཙམ་ལས་དེའི་ཕྱིན་ཆད་ནས་བོད་རང་བཙན་གྱི་ལོ་རྒྱུས་ཀྱི་གནས་བབས་ཀྱང། ད་བར་ང་ཚོས་བཤད་བསྡད་པ་དེ་དག་ཁུངས་འཁྱོལ་ཐབས་མེད་ཅེས་པ་དེ་གལ་སྲིད་ཡིན་པའི་དབང་དུ་བཏང་ན། བོད་ཀྱི་བདེན་དོན་འཐབ་རྩོད་ལ་གཞི་རྩ་གང་ཡང་མེད་པས་ཆབ་སྲིད་ཀྱི་ཐོག་ནས་བཤད་ན་མ་རྩ་གང་ཡང་མེད་པར་ལག་པ་སྟོང་པ་ཆགས་ཟིན་པ་ལྟ་བུ་རེད་སྙམ།

ད་ལྟའི་ཆར་ང་ཚོས་བཤད་བཞིན་པ་དེ་ད་ལྟ་རྒྱ་དམར་གྱི་ཁྲིམས་ལུགས་དང། སྒྲོམ་གཞི་ལ་འགྱུར་བ་གང་ཡང་གཏོང་མི་དགོས་པར་བོད་ཆོལ་ཁ་གསུམ་འཛིན་སྐྱོང་གཅིག་གི་འོག་ཏུ་ཚུད་ཐུབ་པ་ཞིག་དགོས་པ་དེ་རེད། གནད་དོན་དེ་ནི་ང་ཚོ་བཙན་བྱོལ་ནང་དུ་སླེབས་པའི་རྗེས་ཀྱི་བསམ་ཚུལ་གསར་པ་ཞིག་དང། བྱེད་ཐབས་གསར་པ་ཞིག ལྷག་དོན་དུ་བོད་སྡེ་“རྒྱ་སྡེ་”ཟེར་བའི་ཁྱད་པར་ལ་བརྟེན་ནས་ཁག་ཅིག་ལ་དམིགས་བསལ་སྤྲད་པ་ཞིག་ཀྱང་གཏན་ནས་མིན་པར་ཕྱི་ལོ་༡༩༥༦ ལོར་རྒྱ་དམར་དྲག་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་དམག་སྤྱི་ཆེན་མོ་ཁྲེན་དབྱི་ལ་བོད་རིགས་ལས་བྱེད་པ་སངས་རྒྱས་ཡེ་ཤེས་(ཐེན་པའོ)དང། བཀྲ་ཤིས་དབང་ཕྱུག དབྱང་ཏུང་ཧྲེང། འབའ་པ་ཕུན་ཚོགས་དབང་རྒྱལ་སོགས་ཀྱིས་ཞུས་ཡོད་འདུག
དེའི་རྗེས་སུ་རྒྱ་དམར་དབུས་གཞུང་གིས་གནད་དོན་དེའི་སྐོར་ཚོགས་ཆུང་ཆེད་འཛུགས་ཀྱིས་སངས་རྒྱས་ཡེ་ཤེས་(ཐེན་པའོ)ཚོགས་གཙོ་དང། སི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་གྱི་འགོ་འཛིན་ཀྲང་ཁྲེང་ཝུའུ་དྲུང་ཡིག་ཆེན་མོར་བསྐོས་འདུག་ཀྱང། དེའི་རྗེས་སུ་རྒྱ་ནག་གི་སྲིད་བྱུས་གཡོན་ཐལ་གྱི་ལམ་ཕྱོགས་སུ་བསྐྱོད་ནས་ལག་བསྟར་ཐུབ་མེད་ཚུལ། བོད་མི་གསར་བརྗེ་བ་འབའ་པ་ཕུན་ཚོགས་དབང་རྒྱལ་དང། སངས་རྒྱས་ཡེ་ཤེས་གཉིས་ཀྱིས་དངོས་སུ་ལོ་རྒྱུས་ཀྱི་བདེན་དཔང་བྱས་ཡོད། དེར་བརྟེན་གནད་དོན་དེ་ལས་ལོ་རྒྱུས་ཀྱི་གནད་དོན་སོགས་གཞན་རྩོད་རྒྱུ་མེད་ན། བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་དང་དོན་སྙིང་དེ་མི་ལོ་ལྔ་བཅུ་ལྷག་འདས་ཟིན་པའི་དེ་རིང་བསྐྱར་དུ་འཚོལ་དགོས་པ་ལྟ་བུར་གྱུར་འདུག་པས། མ་འོངས་པའི་གནད་དོན་དེ་རེ་སྟོང་ཙམ་དུ་གྱུར་ཡོད།

དམར་པོའི་གཞུང་ལུགས་ལ་ཡིད་ཆེས་བྱེད་མཁན་རྣམས་ཀྱིས་རྒྱ་དམར་དྲག་གཞུང་གི་ཆབ་སྲིད་ཀྱི་ལམ་ལུགས་དམར་ཕྱོགས་སུ་བསྐྱོད་བཞིན་པའི་བཤད་སྲོལ་དེ་བདེན་པ་ཡིན་པར་བརྩིས་ནས། དག་སྣང་ཆེན་པོ་བྱེད་མྱོང་མཁན་ཡོད་པ་དང། ནང་པའི་ཆོས་ལུགས་ཀྱི་ལྟ་གྲུབ་ཐོག་ནས་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་གྲས་སུ་རྒྱ་རིགས་ཀྱང་ཚུད་ཡོད་ཚུལ་སོགས་རྒྱུ་མཚན་དུ་བྱས་ནས་རྒྱ་རིགས་མི་མང་དང་མཉམ་གནས་མཐུན་སྒྲིལ་དགོས་པའི་ལངས་ཕྱོགས་འཛིན་བཞིན་པ་འདི་དག ལྟ་གྲུབ་དང་གཞུང་ལུགས་ཀྱི་ཐིག་ཤིང་འོོག་ནས་གཞི་འཛིན་ས་གལ་ཆེན་པོ་ཞིག་ཡིན་ཡང། ལྟ་གྲུབ་དང་གཞུང་ལུགས་དེ་དག་དངོས་སུ་ལག་བསྟར་བྱེད་མཁན་འཛམ་གླིང་གི་ཁྱོན་འདིར་ཧ་ཅང་ཉུང་བས། ཆབ་སྲིད་ཀྱི་གནད་དོན་དངོས་ཀྱི་ཐོག་ནས་བོད་དོན་དེ་འཆི་གསོན་གང་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་མིན་ཐད་ནས་བལྟས་ན། ལྟ་གྲུབ་དང་གཞུང་ལུགས་དེ་དག་དང་གཅིག་མཚུངས་ཤིག་ཡོང་མི་ཐུབ་པ་ཧ་ཅང་གསལ་པོར་གྱུར་ཟིན།།