ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དང་པོ་མཇུག་བསྡོམས།

2013_6_29

༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གཞུང་གི་དཔལ་ཡོན་དེས། འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་པ་བྱུང་ཡོད་རེད་ཅེས་སྲིད་སྐྱོང་བློ་བཟང་སེང་གེས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་མཇུག་བསྡོམས་ཐོག་གསུངས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༢༨ ཉིན་གྱི་དགོང་དྲོའི་ཆུ་ཚོད་༥།༣༠་ཀྱི་སྟེང་ཉིན་གསུམ་གྱི་རིང་འཚོགས་པའི་ “ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་”ཐེངས་དང་པོ་མཇུག་བསྡོམས་ཀྱི་མཛད་སྒོ་ཞིག་དབུས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ་འཚོགས་སོང་ལ། མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་། དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་གསུང་བཤད་གནང་སོང་། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་ཚོགས་ཆེན་ཐོག་ཆེད་དུ་གདན་འདྲེན་ཞུས་པའི་མཁས་དབང་ཚོ་དང་ཚོགས་ཞུགས་པ་ཚོར་ལེགས་སྐྱེས་ཕུལ་སོང་།

2013_6_29_1དེ་རྗེས་དབུས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་ཚོགས་འདུ་མཇུག་བསྡོམས་ཀྱི་གསུང་བཤད་གནང་སྐབས། ད་ཐེངས་ཀྱི་ལུས་སེམས་སྲོག་གི་བགྲོ་གླེང་དེ་གསུང་བཤད་གནང་མཁན་དང་། གོ་སྒྲིག་གནང་མཁན། ཚོགས་ཞུགས་པ་ཚང་མའི་ངོའི་ནས་ཧ་ཅང་གི་ཡག་པོ་བྱུང་པ་དང་། ད་རེས་ཀྱི་བགྲོ་གླེང་ཡག་པོ་བྱུང་པ་དེ་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཡོད་སྐོར། དེ་བཞིན་བོད་མི་ཚང་མས་༧གོང་ས་མཆོག་གི་དགོངས་གཞི་སྒྲུབ་དགོས་པ་ལས་འགན་ཆགས་ཡོད་སྐོར་སོགས་གསུངས་སོང་།

2013_6_29མཐར་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེས་གསུང་བཤད་གནང་དོན། རྩ་བས་ང་རང་གིས་སྨན་དང་ནང་ཆོས་ཚན་རིག་བཅས་ཀྱི་སྐོར་ཞེ་དྲག་ཤེས་ཀྱི་ཡོད་མ་རེད། ཡིན་ན་ཡང་སྨན་རྩིས་ཁང་ནས་བཀའ་ཕེབས་ཡོང་དུས་ངས་ག་དུས་ཡིན་ཡང་ལགས་སོ་ཞུ་བཞིན་ཡོད། གང་ཡིན་ཟེར་ན། བཀའ་ཤག་གི་ལྟ་གྲུབ་རང་ཁ་རང་གསོ་དང་། ཆིག་སྒྲིལ། གསར་གཏོད་གསུམ་དེ་སྨན་རྩིས་ཁང་གིས་ལག་ལེན་ལ་བསྟར་གྱི་འདུག དེ་ཁ་སང་སྔོན་མ་ང་འདིེར་ཡོང་དུས་ཀྱང་ཞུས་པ་ཡིན། སྨན་རྩིས་ཁང་གིས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་བརྒྱ་ཆ་༡༥ གནང་གི་ཡོད་པ་དེས་ཕན་ཐོགས་ཞེ་དྲག་ཡོང་གི་ཡོད་པ་ཞུ་མ་དགོས་པ་རེད་ཅེས་དང་།

ཡང་ཁོང་གིས་མུ་མཐུད་དུ་བོད་ཀྱི་རིག་གཞུང་གིས་འཛམ་གླིང་སྤྱིར་ཕན་ཐོགས་ཡོད་སྐོར་གསུངས་དོན། ༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ཀྱི་རིག་གཞུང་གི་དཔལ་ཡོན་དེས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་པ་བྱུང་ཡོད་རེད། དེའི་ནང་ནས་ནང་དོན་རིག་པ་དང་གསོ་བ་རིག་པ་གཉིས་ཀྱིས་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་ཡོང་གི་ཡོད་རེད། དེ་བཞིན་༧གོང་ས་མཆོག་གི་བཀའ་དྲིན་འོག་ནང་ཆོས་དང་ཚན་རིག་གི་ཐོག་བགྲོ་གླེང་ཐེངས་མང་པོ་བྱུང་ཡོད་རེད། བྱུང་པ་ནང་བཞིན་ནུབ་ཕྱོགས་པ་ཚོས་ནང་དོན་རིག་པར་དོ་སྣང་བྱེད་པ་དེ་ཤུགས་ཆེན་པོ་ཞེ་དྲག་ཆགས་ཡོད་རེད་ལ། གནད་དོན་དེས་ཁོ་རང་ཚོར་ཡང་ཁེ་ཕན་དང་ཕན་ཐོགས་ཡོད་པ་དེ་ཚན་རིག་པ་ཚོས་བཤད་པ་ཙམ་མ་ཡིན་པར་དེབ་དང་རྩོམ་དེ་ཚོའི་ནང་ཡོད་རེད། དེར་བརྟེན་ད་རེས་སྨན་རྩིས་ཁང་གི་ངོས་ནས་ལུས་སེམས་སྲོག་གི་བགྲོ་གླེང་ཐེངས་དང་པོ་འཚོགས་ཐུབ་པ་དེ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་གསུངས་སོང་།