ཁྱེད་རང་ཚོ་ཕ་མེས་ནས་ནང་པའི་ཆོས་བྱེད་མཁན་རེད།

2013_7_1

དེ་རིང་ཞོགས་པར་༧གོང་ས་མཆོག་གིས་ཝེ་ཏི་ནམ་གཙོས་པའི་ཀོ་རི་ཡ་དང་ཇ་པེན་སོགས་རྒྱལ་ཁབ་༥༠ ལྷག་གི་དད་ལྡན་ཆོས་ཞུ་བ་༤༢༠༠ བརྒལ་བར་ཉིན་གཉིས་ཀྱི་རིང་། ལམ་གཙོའི་རྣམ་གསུམ་གྱི་བཀའ་ཁྲིད་གནང་འགོ་བརྩམས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཞོགས་པའི་ཆུ་ཚོད་༨ པའི་སྟེང་། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་གིས་ཝེ་ཏི་ནམ་གྱི་དད་ལྡན་ཆོས་ཞུ་བ་༢༠༠ ལྷག་གཙོ་བོར་གྱུར་པའི་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ལྔ་བཅུ་ལྔ་དགུའི་ཆོས་ཞུ་བ་༤༢༠༠ བརྒལ་བར་ལམ་གཙོའི་རྣམ་གསུམ་གྱི་བཀའ་ཁྲིད་གནང་སོང་ལ། ཐོག་མར་ཝེ་ཏི་ནམ་གྱི་དགེ་སློང་ཁག་ཅིག་གིས་༧གོང་ས་མཆོག་ཕོ་བྲང་ནས་ཕེབས་བསུའི་ཁྲོད་བཞུགས་ཁྲིར་ཞབས་སོར་འཁོད་པ་དང་། ཝེ་ཏི་ནམ་གྱི་སྐད་ཀྱི་ཐོག་ནས་ཤེས་རབ་སྙིང་པོ་འུར་འདོན་གནང་སོང་།

2013_7_1དེ་ནས་༧གོང་ས་མཆོག་གིས་མི་མང་ལ་གསུང་བཤད་གནང་དོན། “ཁྱེད་རང་ཚོ་ཝེ་ཏི་ནམ་ཚོ་ཕ་མེས་ནས་སངས་རྒྱས་པའི་ཆོས་བྱེད་མཁན་ཆགས་ཡོད་རེད། རྩ་བས་ལུང་པའི་ནང་ཡེ་ཤུ་དང་ཁ་ཆེའི་ཆོས་བྱེད་མཁན་སོགས་ཆོས་ལུགས་མི་འདྲ་བ་ཏན་ཏན་ཡོང་གི་རེད། ཡིན་ན་ཡང་ལུང་པ་སྤྱིའི་ཆ་ནས་ནང་པའི་ལུང་པ་ཆགས་བསྡད་ཡོད་རེད། སངས་རྒྱས་པའི་ཆོས་རྒྱུད་འཛིན་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད། ཤེར་ཕྱིན་གྱི་གཞུང་ཉམས་སུ་ལེན་མཁན་ཞིག་ཆགས་ཡོད་རེད། དེར་བརྟེན་ལེགས་སྦྱར་གྱི་ཆོས་རྒྱུད་འཛིན་མཁན་ཞིག་ཆགས་བསྡད་ཡོད་རེད། རྒྱ་གར་ནས་ཕྱི་ཕྱོགས་སུ་ནང་ཆོས་དར་ས་གཙོ་བོ་དེ་རྒྱ་ནག་ཆགས་ཡོད་རེད། རྒྱ་ནག་ཀྱང་ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་ནང་པའི་ལུང་པ་རེད། དེ་ནས་ཝེ་ཏི་ནམ་དང་། ཀོ་རེ་ཡ། ཉི་ཧོང་དེ་ཚོ་ཐེག་ཆེན་གྱི་ཆོས་རྒྱུད་འཛིན་མཁན་ཆགས་ཡོད་རེད། འབར་མ་དང་། ཐའེ་ལེན་ཌི། ཁམ་བྷོ་ཊི་ཡ། ལའོ་སུ། ཤི་རི་ལང་ཀ་དེ་ཚོ་གཙོ་བོ་པ་ལིའི་ཆོས་རྒྱུད་ཉམས་བཞེས་གནང་མཁན་རེད། དེར་བརྟེན་ནང་པའི་ཡུལ་གྲུ་དེ་ཚོའི་ནང་ནས་དེ་རིང་འདིར་ཕེབས་པ་ཁྱེད་རང་ཚོ་ཤེར་ཕྱིན་ཉམས་ལེན་བྱེད་མཁན་གཅིག་གྱུར་ཆགས་ཡོད་རེད”་ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས་མང་ཚོགས་ལ་སྟོང་ཉིད་འགྲེལ་བཤད་གནང་སྐབས། “ཤེར་ཕྱིན་གྱི་གཞུང་དེར་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ཞེས་གཞུང་དེའི་དབུ་ནས་མཇུག་བར་སྟོང་ཉིད་ཀྱི་སྐོར་རྐྱང་རྐྱང་གསུང་ཡོད་རེད། སྟོང་པ་ཉིད་ཟེར་བ་འདི་གཙོ་བོ་ཆོས་རྣམས་ཀྱི་ཡིན་ལུགས་ཤིག་ཆགས་བསྡད་ཡོད་རེད། དེར་བརྟེན་ཁྱད་གཞི་ཆོས་ཅན་དང་མ་འབྲེལ་བའི་སྟོང་པ་ཉིད་ཡན་གར་པ་ཞིག་མེད་པ་རེད། སྟོང་པ་ཉིད་ཟེར་བ་དེ་ཁྱད་གཞི་ཆོས་ཅན་དེ་ཉིད་བརྟེན་ནས་བཏགས་པ་ཞིག་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པ་ཞིག་མེད་པ་ཡིན་ཙང་། ཆོས་ཅན་དེ་ཉིད་ཀྱི་རང་བཞིན་མཐར་ཐུག་དེ་ངོ་བོ་ཉིད་ཀྱིས་མ་གྲུབ་པ་རེད། ཆོས་ཅན་གྲུབ་སྟངས་དེ་བརྟེན་ནས་བཏགས་ཙམ་རེད། བརྟེན་ནས་བཏགས་ཙམ་ཡིན་པ་རྒྱུ་མཚན་དུ་བཀོད་ནས་ཆོས་ཅན་དེ་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་རེད”་ཅེས་གསུངས་སོང་།

2013_7_1_2མཐར་༧གོང་ས་མཆོག་གིས་བདེན་བཞི་ཆོས་འཁོར་ཟེར་བ་དེ་སངས་རྒྱས་ཀྱི་ཆོས་ཀྱི་རྨང་གཞི་དེ་ཆགས་ཡོད་སྐོར་དང་། སངས་རྒྱས་པའི་ཆོས་ཀྱིས་བདག་མེད་པ་འདོད་ཀྱི་ཡོད་པ་དེ་ཆོས་ལུགས་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཆགས་ཡོད་སྐོར། དེ་བཞིན་དུས་རབས་འདིར་ཆོས་ལུགས་ཚང་མས་ཕན་ཚུན་ལ་གུས་བཀུར་གྱིས་ཆོས་ལུགས་མཐུན་འབྲེལ་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་སོང་།

ཐེངས་འདིའི་གསུང་ཆོས་ཉིན་གཉིས་ཀྱི་རིང་ཡིན་པ་དང་ཟླ་འདིའི་ཕྱི་ཚེས་༥ ཉིན་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཕྱི་ཚེས་༦ ཉིན་སེར་བྱེས་གྲྭ་ཚང་དུ་སྐུའི་འཁྲུངས་སྐར་མཛད་སྒོའི་ཐོག་ཕེབས་རྒྱུ་རེད་འདུག