ཆར་རླུང་ཁྲོད་ནས་བྱོ་བའི་སྙན་ངག
ཆར་རླུང་ཁྲོད་ནས་བྱོ་བའི་སྙན་ངག
________ཆར་པ་བྱོ་དུས་དབྱར་གཞུང་ཡིན་པར་སུས་ཀྱང་ཤེས་སླ།
ཆར་གྱི་ཐིགས་པ་ནམ་མཁའི་དབྱིངས་ནས་ལྷུང་།།
སེམས་ཀྱི་རྣམ་ཤེས་མེས་པོིའི་ཡུལ་དུ་ཆས།།
ང་ཡིས་རྐང་ལམ་ཚལ་བར་གཤགས་ན་ཡང་།།
ལུས་ཀྱི་ཕུང་པོ་མི་ཡུལ་ཞིང་དུ་ལྷག།
ཁ་སང་གོ་བའི་གསར་འགྱུར་རྙིང་པ་དེ།།
དེ་རིང་སླར་ཡང་ཁོག་པའི་གསེང་ནས་དྲན།།
ང་ཡི་དཔའ་བོ་མེ་རུ་གྱུར་ཆོག་ན།།
ང་ཡང་ཆར་པར་འགྱུར་བར་ཡ་མཚན་ཅི།།
གནམ་རྒན་མ་འདི་དེ་རིང་ཁྲོ་བ་འདྲ།།
ཆར་རླུང་འདི་ཡང་རྦབ་ཆུ་ཟོལ་གྱིས་བྱོ།།
ཁེར་རྐྱང་ལམ་གྱི་དཀྱིལ་ནས་བཞུད་ན་ཡང་།།
གློ་སྙིང་ཡོད་ཚད་འཁྱཊ་པས་བཙོན་གྱིས་བསྡོམས།།
གུ་ཡང་དོག་པའི་སྲང་ལམ་འདི་འདྲའི་ནང་།།
ཁོ་པ་མི་འདོད་བཞིན་དུ་འདི་ལྟར་ཆས།།
ད་ནི་སུ་ལའང་བལྟས་ཀྱང་དངོས་པོ་ཀུན།།
ཡིད་ཆེས་དབེན་པའི་ཐེ་ཚོམ་གནས་སུ་གྱར།།
རྨི་ལམ་ནང་གི་རྟོགས་བཏགས་འདྲ་བོ་ཞིག།
དེ་རིང་འདི་ནས་མཐོང་དུ་མི་འདུག་པས།།
འཁོར་བ་སྙིང་པོ་མེད་པའི་ཚིག་དུམ་དེ།།
དེ་རིང་སླར་ཡང་ངག་ནས་ཐེངས་གཅིག་ཐོན།།
ཡོད་ཚད་ཆར་པར་བྱིང་བའི་ཉིན་དཀྱིལ་དུ།།
ལག་པས་བྲང་ཁོག་རྡུང་བཞིན་སྨུག་སྤྲིན་ལ།།
ཉི་མར་གོ་སྐབས་བྱོནད་ཅེས་འབོད་ན་ཡང་།།
ཨ་ལེན་བྱེད་མཁན་རླུང་བུའི་ཙག་སྒྲ་ཙམ།།
ལྗོན་ཤིང་དག་གིས་མགོ་བོ་ཐུར་དུ་སྒུར།།
ས་འཛིན་འདིས་ཀྱང་ཁོ་པར་མིག་ལོག་འཕེན།།
རྐང་པ་གང་དུ་སོང་བའི་རྗེས་ཤུལ་ཡང་།།
ང་ཡི་རྐང་རྗེས་གསལ་གསལ་ཐིང་ཐིང་དཔར།།
དེ་ལྟར་རིམ་གྱིས་བཞུད་པའི་རྐང་ལམ་ནས།།
ང་ཡིས་ང་ལ་ཚིག་ཅིག་འདི་ལྟར་ཐལ།།
ང་རང་རྐུན་པོ་གཅིག་ཏུ་གྲུབ་ཡོད་ན།།
དེ་རིང་ང་ཡི་རྗེས་ཤུལ་སླ་འོ་ལབ།།
གློ་བུར་གཅིག་གི་ཞལ་རས་གསལ་བ་བཞིན།།
གནམ་གྱི་སྤྲིན་སྨུག་དག་ནི་ཐོལ་གྱིས་ཡལ།།
ཆར་པའི་རྒྱུན་དེ་གཞི་ནས་འདི་ལྟར་དྭངས།།
ང་ཡི་སྡུག་ཀྱང་འདི་ནས་རྫོགས་ཐལ་ལོ།།
ཕྲན་བཤད། འོ་ན་མི་གཅིག་གིས་ངར་དྲི་ཚིག་འཕེན་ནས་འདི་ནི་སྙན་ངག་ཅིག་ཏུ་གྲུབ་བམ་ཞེ་ན་ངས་ཐད་ཀར་མི་འདོད་པའི་རྣམ་འགྱུར་དང་བཅས་ག་བ་ག་བ། ངས་སྙན་ངག་ཟེར་ནས་ནམ་ཡང་འབྲི་མི་ཤེས་ཟེར་ངེས། འོན་ཏང་དེ་རིང་གི་ཚིག་དུམ་འདི་ནི་གློ་བུར་དུ་གཟའ་ཟླ་བའི་ཞོགས་པའི་ཆར་རྒྱུན་དེས་ངར་ལ་མངན་པ་སྤྲོད་པ་ཙམ་མོ་ཞེས་བཤད་དོ། ༢༠༡༣་་༧་་༡ཉིན་ཤར་མར་བྲིས་སོ།
