༼ བསྐྱར་དུ་བཤད་དགོས་པ་འདྲ ༽
སྤྱིར་ཤེས་ཡོན་ནི་མི་སོ་སོའི་རྣམ་རིག་བཀྲ་མིན་ལ་རག་ལས་ཀྱི་ཡོད་པ་ཀུན་གྱི་ མཁྱེན་ཤག་རེད། ཡིན་ཡང་དེང་སང་མི་མང་པོའི་ཤེས་ཡོན་ཅན་ཞིག་རེད་ཟེར་དུས་མི་དེ་ནི་སྐྱོན་ཀུན་ ཟད་དང་ཡོན་ཏན་ཀུན་ལྡན་བུའི་འདུ་ཤེས་འཛིན་པ་ནི་ཆེས་ནོར་འཁྲུལ་ཚབ་ཆེན་ཞིག་ ཡིན་པར་ངས་འདོད་ཚུལ་ཡིན།
འགྲོ་བ་མིའི་ཁྱིམ་གཞི་ཆེན་པོ་འདིའི་ནང་དུ་བདེ་འཇག་གཏོར་བཤིག་གཏོང་མཁན་སྣ་ ཚོགས་པ་ཡོད་པ་དེ་དག་ལས་ཆེས་ཉེན་ཚབ་ཆེ་ཤོས་ནི་ཤེས་ཡོན་པ་ཚོས་ནང་ནས་ཡོང་གི་ ཡོད། ཤེས་ཡོན་པ་ཞིག་ལ་མེད་དུ་མི་རུང་བས་ཆ་རྐྱེན་གལ་ཆེ་ཤོས་ནི་གཞི་རྩའི་འགྲོ་བ་ མིའི་བཟང་སྤྱོད་དང་ལྷག་བསམ་ཡིན། དེ་གཉིས་ཀྱི་ཕོང་སོང་བས་ཤེས་ཡོན་པ་ནི་འབར་རྫས་ལག་ཏུ་ཐོག་མཁན་གྱི་མི་སྲིན་ གདུག་པ་དང་གཅིག་མཚུངས་ཡིན། མི་དེ་དག་གིས་འབར་རྫས་གང་དུ་གཡུགས་མིན་ཚོད་ཐིག་ཁག་པོ་ཡིན་ལ། ཁོང་ཚོས་འབར་རྫས་དེ་གནས་གང་དུ་གཡུགས་ཀྱང་བསམ་ཡུལ་ལས་འདས་པའི་གཏོར་ཤིག་གཏོང་ མི་སྲིད་པ་གང་ཡང་མིན། ཤེས་ཡོན་མེད་མཁན་གྱི་མི་ཞིག་གིས་སྤྱི་ཚོགས་ལ་གནོད་པའི་བྱ་བ་བསྒྲུབ་འདོད་ རུང་དེ་ཙམ་ནུས་པ་ཐོན་མི་སྲིད།
མདོར་ན་ཤེས་ཡོན་ནི་ཆེས་རིན་ཐང་ལྡན་པའི་གསེར་ལྟ་བུ་ཡིན་ལ། གསེར་དེ་བེད་སྤྱོད་ལེགས་ཉེས་གང་གི་ཕྱོགས་སུ་གཏོང་མིན་ཡང་གསེར་གྱི་བདག་པོ་ལ་ རག་ལས་པ་ལྟར། ཤེས་ཡོན་པ་ཚོས་ཀྱང་ལོ་མང་འབད་བརྩོན་བགྱིས་པའི་འབྲས་བུ་དེ་ཉིད་རང་གང་དུ་གནས་ སའི་མི་རིགས་དང་། སྤྱི་ཚོགས། ཁོར་ཡུག གཞུང་དང་། སྒྲིག་འཛུགས་ལ་ཕན་པའི་བྱ་བཞག་རེའི་དོན་དུ་གཏོང་དགོས་པ་ལས། དེ་མིན་ནུབ་སྟག་གཟིགས་ཡུལ་དུ་ཁྱུང་བཤོག་འཁྲུངས། །དེ་ཡང་རབ་དགྲ་རང་གཤེད་རེད། །བྱེའུ་འགའ་སེར་མ་ལ་ཁྲ་ཞིག་སྐྱེས། །དེ་ཡང་རང་དགྲ་རང་གཤེད་རེད་ཟེར་སྲོལ་ལྟར་གྱུར་བ་ནི་ཆེས་བློ་ཕམ་དགོས་པ་དང་། ཤེས་ཡོན་ཅན་གྲགས་པའི་སྒོ་ཤེས་རབ་སོགས་བོད་རིགས་རེ་ཟུང་ཀྱིས་ཤེས་ཡོན་ནི་ལྷ་ བདུད་དུ་བབ་པ་བཞིན་རང་རིགས་ལ་རྒོལ་རྡུང་གཏོང་བྱེད་ཀྱི་སྟ་རེ་ནང་བཞིན་ཆགས་ ཡོད་པ་མ་ཡིན་ནམ།
མདོར་ན་ཁ་བ་གངས་ཅན་པའི་རྒྱལ་བསྟན་ཆབ་སྲིད་དང་། ཡུལ་གོམས་གཤིས་ལུགས། མི་རིགས་ཀྱི་བསམ་པའི་དཔལ་ཡོན་དང་། ལེགས་བྱང་སོགས་ཕྱོགས་གང་ཐད་ནས་རེ་བའི་དམིགས་ཟུང་བཅངས་ཡུལ་དུ་གྱུར་པའི་ ཀིརྟི་དགོན་ཆེན་གྱི་ད་ལྟའི་གནས་བབ་ལ་བསམ་བློ་ཙམ་ཡང་མ་འཁོར་པའི་བྱ་སྤྱོད་ཐལ་ ཤལ་དེ་ལྟ་བུའི་རིགས་ལ་རྒྱབ་སྐྱོར་དང་བསྟོད་སྔགས་བཏང་པ་ནི་ཆེས་མི་འོས་པའི་ ཐབས་བརྡུགས་ཀྱི་བྱེད་སྟངས་ཤིག་ཅིའི་ཕྱིར་མིན། །