ཡུ་གུར་གྱི་དོན་རྐྱེན་དེ་“འཇིགས་སྐུལ་དྲག་སྤྱོད་”རེད་ཟེར།
གཟའ་འཁོར་སྔོན་མའི་ཉིན་གསུམ་གྱི་རིང་ཤར་ཏིར་ཀི་སི་ཐན་ནང་དུ་དྲག་པོའི་ཟིང་འཁྲུག་གི་དོན་རྐྱེན་ཐེངས་ཁ་ཤས་བྱུང་ཡོད་ཅིང་། རྒྱ་ནག་གཞུང་གིས་“འཇིགས་སྐུལ་དྲག་སྤྱོད་”ཀྱི་ནག་ཉེས་ཡིན་པར་བསྒྲགས་བཞིན་ཡོད་ཀྱང་། ཨ་རིས་དེ་ནི་རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་བྱུས་ལས་བྱུང་བ་ཡིན་པའི་སྐྱོན་བརྗོད་བྱས་པར་བརྟེན།
རྒྱ་ནག་གཞུང་གིས་“ཨ་རིའི་ཕྱོགས་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་མེད་པའི་གནས་སྟངས་འོག ཤར་ཏི་ཀི་སི་ཐན་གྱི་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ལ་ཁུངས་ལུང་མེད་པའི་དཔྱད་གཏམ་སྤེལ་བ་མ་ཟད། རྒྱ་ནག་གི་མི་རིགས་ཆོས་ལུགས་ཀྱི་སྲིད་བྱུས་ལ་སྐྱོན་འཛུགས་བྱས་པ་རེད་”ཅེས་ལན་འདེབས་བྱས་ཡོད་པ་རེད།
གཟའ་འཁོར་སྔོན་མའི་གཟའ་ལྷག་པ་དང་པ་སངས་ཉིན། ཤར་ཏིར་ཀི་སི་ཐན་དབུས་ཕྱོགས་ཀྱི་ཧྲན་ཧྲན་རྫོང་དང་ལྷོ་ཕྱོགས་ཀྱི་ཧི་ཐེ་གཉིས་སུ་ཚབས་ཆེའི་དྲག་པོའི་དོན་རྐྱེན་བྱུང་སྟེ། ཧྲན་ཧྲན་རྫོང་དུ་བྱུང་བའི་དོན་རྐྱེན་དེའི་ཁྲོད་མི་༣༥ འདས་གྲོངས་སུ་གྱུར་ཡོད་པ་དང་། ཧི་ཐེ་ས་ཁུལ་དུ་ཤི་རྨས་ཇི་བྱུང་གི་ཞིབ་ཕྲའི་གནས་ཚུལ་ད་དུང་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་སྤེལ་མེད་པ་རེད།
པེ་ཅིང་དབུས་གཞུང་གིས་ཤར་ཏིར་ཀི་སི་ཐན་ནང་གི་དོན་རྐྱེན་དེར་ཚད་མཐོའི་དོ་སྣང་བྱེད་བཞིན་པ་དང་། གཟའ་འཁོར་སྔོན་མའི་མཇུག་ཏུ་ཞི་ཅིན་ཕིང་གིས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་བྱས་ཡོད་པ་མ་ཟད། ཤར་ཏིར་ཀི་སི་ཐན་གྱི་དོན་རྐྱེན་ཐོག་བཀོད་བྱུས་བྱས་ཡོད་པ་རེད། ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དབྱི་ཏྲན་ཧྲན་དང་སྲིད་ཁྲིམས་རྒྱུན་ལས་ཁང་གི་དྲུང་ཆེ་མུང་ཅེ་ཀྲུའུ། བདེ་འཇགས་ལྷན་ཁང་གི་འགན་འཛིན་གོའོ་ཧྲན་ཁུན། མི་རིགས་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ཝང་ཌན་ཝན་བཅས་(རྒྱ་ནག་གི་བདེ་འཇགས་དང་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཆེས་མཐོའི་དཔོན་རིགས) བློན་ཆེན་བཞི་ཤར་ཏིར་ཀི་སི་ཐན་དུ་གནད་དོན་ཐག་གཅོད་བྱེད་པར་མངགས་ཡོད་པ་དང་། དེའི་ཁར་ཡུ་གུར་མི་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ཏྲང་ཁྲུན་ཅེ་(དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་)བཅས་ཀྱིས་ཡུ་གུར་རང་སྐྱོང་ཁུལ་དུ་གནད་དོན་དེ་ཐག་གཅོད་ཡོང་ཐབས་ལ་འབད་བཞིན་ཡོད་པ་རེད།
དོན་རྐྱེན་དེའི་ངོ་བོའི་ཐད་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་དཔྱད་བརྗོད་ཀྱི་རྩོམ་ཡིག་མང་པོ་སྤེལ་ཡོད་པ་མ་ཟད། “འཇིགས་སྐུལ་རིང་ལུགས་པ་”ཞེས་ཁ་རྡུང་དྲག་པོ་གཏོང་བཞིན་ཡོད་པ་རེད། མི་མང་ཉིན་རེའི་ཚགས་པར་གྱི་མིང་ཐོག་དུ་ཡོད་པའི་“གོ་ལའི་དུས་བབ་”ཐོག་ཉིན་ཤས་རིང་དཔྱད་བརྗོད་ཀྱི་རྩོམ་ཡིག་བསྟུད་མར་སྤེལ་ཏེ། ཨ་རིས་ཡུ་གུར་གྱི་གནད་དོན་ཐད་“ཕྱོགས་གཉིས་ལ་ཚད་འཛིན་”བྱེད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་དང་། ཕྱི་སྲིད་མགྲིན་ཚབ་པ་ཧྥ་ཁྲུན་དབྱི་ཡིས་ཀྱང་ཨ་རིས་“ཕྱོགས་གཉིས་ལ་ཚད་འཛིན་”བྱས་པར་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་ནང་དང་དམིགས་བསལ་གྲངས་ཉུང་མི་རིགས་ས་ཁུལ་དུ་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་བྱུང་ཐེངས་རེར། པེ་ཅིང་གིས་ནམ་རྒྱུན་དང་པོར་ཨ་རི་ལ་སྐྱོན་བརྗོད་བྱེད་བཞིན་པ་རེད།
རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པས་ཨ་རིར་སྐྱོན་བརྗོད།
ཧྥ་ཁྲུན་དབྱི་ཡིས་བརྗོད་དོན། རྒྱ་ནག་འདོད་པ་མ་ཁེངས་ས་ནི། ཨ་རིའི་ཕྱོགས་ནས་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་མེད་པའི་གནས་སྟངས་འོག ཡུ་གུར་གྱི་དྲག་པོའི་འཇབ་རྒོལ་དོན་རྐྱེན་ཐད། ཁུངས་ལུང་མེད་པའི་དཔྱད་བརྗོད་སྤེལ་བ་མ་ཟད། རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་རེད་ཅེས་དང་། ཨ་རི་ཡང་འཇིགས་སྐུལ་རིང་ལུགས་པའི་གནོད་འཚེ་ཐེབས་པའི་རྒྱལ་ཁབ་ཅིག་རེད། དྲག་པོའི་འཇིགས་སྐུལ་རིང་ལུགས་ཀྱི་ཉེན་ཁ་དང་གནོད་འཚེ་ཧ་ཅང་གསལ་པོ་ཤེས་ཀྱི་རེད། ཨ་རིའི་ཕྱོགས་ནས་འཇིགས་སྐུལ་ལ་རྒོལ་རྡུང་གི་གནད་དོན་ཐད་“ཕྱོགས་གཉིས་ལ་ཚད་འཛིན་”ལག་བསྟར་མི་བྱེད་པའི་རེ་བ་ཡོད། རྣམ་པ་འདྲ་མིན་གྱི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཐམས་ཅད་ལ་རྒོལ་རྡུང་དང་སྐྱོན་བརྗོད་ངེས་པར་དུ་བྱེད་དགོས་པ་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་ནག་མི་མང་ཉིན་རེའི་ཚགས་པར་སྟེང་གི་དཔྱད་བརྗོད།
ཕྱི་ཟླ་༦ ཚེས་༣༠ རེས་གཟའ་ཉི་མའི་ཉིན་གྱི་མི་མང་ཉིན་རེའི་ཚགས་པར་སྟེང་བཀོད་པའི་ཁ་བྱང་ལ་“འཇིགས་སྐུལ་རྒོལ་རྡུང་དང་ཨ་རིའི་ཕྱོགས་གཉིས་ཀྱི་ཚོད་འཛིན།”ཞེས་པའི་རྩོམ་ཡིག་ནང་འཁོད་དོན། “ཤར་ཏི་ཀི་སི་ཐན་དུ་བྱུང་བའི་དོན་རྐྱེན་གྱི་རྗེས་སུ། ཨ་རིའི་མི་ཁ་ཤས་ཀྱི་རྣམ་འགྱུར་ནི་ཁོང་ཁྲོ་ལངས་དགོས་པ་ཞིག་རེད། ཨ་རིའི་བརྒྱུད་ལམ་ཁ་ཤས་སུ་“རྒྱ་ནག་གི་མང་གཙོའི་ལས་འགུལ་འགོ་བཙུགས་པ་རེད་”ཅེས་བཤད་ཡོད་པ་རེད་ཅེས་འཁོད་འདུག ཡིན་ནའང་རྩོམ་ཡིག་ནང་དུ་ཨ་རིའི་བརྒྱུད་ལམ་གང་ཞིག་གི་ཐོག་ཏུ་བཀོད་ཡོད་མིན་གྱི་ཞིབ་ཕྲ་ཅི་ཡང་མེད་པ་རེད། རྩོམ་ཡིག་དེའི་ནང་དུ་ད་དུང་འཁོད་དོན། “ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པས་སྐུལ་སློང་མ་དག་པའི་བཅོས་མའི་རྣམ་འགྱུར་བསྟན་པ་དང་། ཐ་ན་རྒྱ་ནག་གི་མི་རིགས་དང་ཆོས་ལུགས་ཀྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པ་རེད།” རྩོམ་ཡིག་ནང་འཁོད་དོན། “ཨ་རིར་འཇིགས་སྐུལ་རིང་ལུགས་སོགས་བཀྲ་མི་ཤིས་པའི་དོན་རྐྱེན་བྱུང་ཐེངས་རེར། རྒྱ་ནག་གིས་རྒྱུན་དུ་ལངས་ཕྱོགས་ཁ་གསལ་གྱི་སྒོ་ནས་འཇིགས་སྐུལ་རིང་ལུགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང་། དུས་ཚོད་དང་པོར་གདུང་སེམས་མཉམ་བསྐྱེད་དང་སེམས་གསོའི་འཚམས་འདྲི་ཞུ་བཞིན་ཡོད། ཨ་རི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་རྒྱབ་སྐྱོར་བྱས་པའི་རྒྱ་ནག་གི་བཀའ་དྲིན་ལ་བསམ་ཤེས་ངེས་པར་དུ་བྱེད་དགོས་པ་རེད། ”
དྲག་པོའི་ཡར་ལངས་ཀྱི་དོན་རྐྱེན་བྱུང་ནས་ལོ་༤ འཁོར་བ།
ཉིན་ཤས་རྗེས་ཀྱི་ཕྱི་ཟླ་༧ པའི་ཚེས་༥ ཉིན་ནི་ཤར་ཏི་ཀི་སི་ཐན་གྱི་རྒྱལ་ས་ཨུ་རུ་མུ་ཆི་རུ་(Urumqi) དྲག་པོའི་ཡར་ལངས་ཀྱི་དོན་རྐྱེན་བྱུང་ནས་མི་ལོ་༤ཧྲིལ་པོ་འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན་ཞིང་། མི་ལོ་བཞིའི་སྔོན་དུ། ཡུ་གུར་མི་རིགས་དང་རྒྱ་རིགས་སོགས་ཀྱིས་ཨུ་རུ་མུ་ཆི་རུ་གཞི་རྒྱ་ཆེ་བའི་དྲག་པོའི་ཡར་ལངས་བྱས་ཏེ། ཧ་ཅང་ཚབས་ཆེའི་ཤི་རྨས་ཀྱི་དོན་རྐྱེན་བྱུང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། དོན་རྐྱེན་དེའི་ཁྲོད་དུ་མི་༢༠༠ བརྒལ་བ་རྐྱེན་འདས་སུ་སོང་བ་དང་། ཆིག་སྟོང་བརྒྱད་བརྒྱ་ལྷག་ལ་རྨས་སྐྱོན་ཕོག་ཡོད་ཅིང་། རྨས་སྐྱོན་ཕོག་པའི་ནང་གི་མང་ཤོས་རྒྱ་རིགས་ཡིན་འདུག རྒྱ་ནག་གིས་ཤར་ཏི་ཀི་སི་ཐན་ལ་དབང་བསྒྱུར་བྱས་པ་ནས་བཟུང་ཤི་རྨས་ཆེས་ཚབས་ཆེ་བའི་དོན་རྐྱེན་དེ་ཡིན་པ་རེད།
ད་ལྟའི་ཆར་ཉིན་ཤས་སྔོན་བྱུང་བའི་དྲག་པོའི་ཟིང་འཁྲུག་གི་དོན་རྐྱེན་ཡོངས་སུ་ཞི་འཇམ་དུ་སོང་མེད་པ་དང་། ཉིན་ཤས་རྗེས་ཀྱི་ཚོར་ཤུགས་རྣོ་བའི་ཉིན་མོ་དེ་སླེབས་ལ་ཉེ་བའི་སྐབས་འདིར། རྒྱ་ནག་གཞུང་གིས་ཤར་ཏིར་སི་ཐན་ས་ཁུལ་དུ་དམ་དྲག་ཧ་ཅང་ཤུགས་ཆེན་བྱེད་བཞིན་པ་མ་ཟད། དབུས་སྲིད་གཞུང་གིས་ཐད་ཀར་དཔོན་རིགས་མཐོ་གྲས་བཞི་ཙམ་ས་གནས་ས་ཐོག་ལ་ཆེད་མངགས་ཀྱིས། གནད་དོན་ཐག་གཅོད་ཡོང་བའི་འབད་བརྩོན་བྱེད་བཞིན་ཡོད་པ་རེད་འདུག