ལྷ་སའི་བར་སྐོར་ནང་གི་ཨར་ལས་རྩོད་རྙོག་ཁྲོད་མཇུག་བསྒྲིལ་བ།
རྒྱ་ནག་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་༡༥ ལྷག་བཏང་ནས་བཟོ་བཅོས་བྱས་པའི་གྲོང་ཁྱེར་ལྷ་སའི་ཇོ་ཁང་གཡས་གཡོན་གྱི་སྡོད་ཁང་དང་བར་སྐོར་སྲང་ལམ་སོགས་ཀྱི་ཨར་ལས་ཡོངས་སུ་མཇུག་བསྒྲིལ་ཡོད་པ་རེད།
བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོས་རྒྱ་ནག་གི་འཛུགས་བསྐྲུན་ལས་གཞི་གསར་པ་དེས། ཡུན་རིང་ལོ་རྒྱུས་ལྡན་པའི་བོད་ཀྱི་གནའ་བོའི་འཛུགས་སྐྲུན་དང་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལ་གཏོར་བཤིག་བཏང་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༦ པའི་ཚེས་༣༠ ཉིན་གྲོང་ཁྱེར་ལྷ་སའི་གཙུག་ལག་ཁང་གཡས་གཡོན་གྱི་སྡོད་ཁང་དང་། བར་སྐོར་གྱི་སྲང་ལམ་སོགས་བསྐྱར་གསོའི་ལས་གྲྭ་ཡོངས་སུ་མཇུག་བསྒྲིལ་ཡོད་པ་མ་ཟད། མཇུག་བསྡོམས་མཛད་སྒོ་ཡང་འཚོགས་ཡོད་པ་རེད། ལས་གྲྭ་དེ་ནི་ན་ནིང་ཕྱི་ཟླ་༡༢ པའི་ནང་འགོ་བཙུགས་པ་ཞིག་ཡིན་ཞིང་། ཨར་ལས་འཛུགས་བསྐྲུན་དེའི་ཁྱབ་ཁོངས་སུ་གཙོ་བོ་སྲང་ལམ་དང་། གློག་སྐུད། ཆུ་འགྲོ་སོགས་ཡིན་པ་རེད། དེ་བཞིན་གནའ་བོའི་འཛུགས་སྐྲུན་གྱི་ཁང་པ་༡༥ ཉམས་གསོ་བྱས་ཟིན་ཡོད་པ་དང་། བར་སྐོར་ཁྲོམ་གཞུང་གཙོ་བོར་བྱས་པའི་ལྷ་སའི་གྲོང་ཁུལ་རྙིང་པར་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་༡.༣ ཙམ་ཡོད་པ་རེད།
ཨར་ལས་འཛུགས་བསྐྲུན་ལས་གཞི་དེ་འགོ་བཙུགས་ནས་ལོ་ཕྱེད་ལྷག་ཙམ་གྱི་རིང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་དེའི་སྐོར་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ད་ལོའི་ཕྱི་ཟླ་༥ པའི་ནང་དུ་བོད་དོན་སྐོར་གྱི་ཆེད་མཁས་མི་སྣ་བརྒྱ་ལྷག་གིས་མཚན་རྟགས་བཀོད་པའི་སྙན་ཞུའི་ཡི་གེ་ཞིག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་དངོས་གཅེས་སྐྱོང་ཚན་པར་ཕུལ་ཡོད་པ་རེད། སྙན་ཞུ་ཡི་གེ་དེའི་ནང་དུ། ཨར་ལས་འཛུགས་བསྐྲུན་གྱི་ལས་གཞི་དེས་དུས་རབས་འགའི་ལོ་རྒྱུས་ལྡན་པའི་བོད་ཀྱི་རྩ་ཆེའི་ཤུལ་བཞག་རིག་དངོས་ལ་གཏོར་བཤིག་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།
དེ་བཞིན་པེ་ཅིང་དུ་གནས་སྡོད་བྱེད་པའི་བོད་རིགས་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་མོ་རང་སྒེར་གྱི་ཟིན་བྲིས་ཐོག་རྩོག་ཡིག་སྤེལ་ཏེ། རྒྱ་ནག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་གནའ་བོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ཁང་པའི་འཛུགས་སྐྲུན་ལ་གཏོར་བཤིག་གཏོང་བ་དང་། བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལ་སྣང་མེད་དང་ཁྱད་གསོད་བྱས་པ་སོགས་ཀྱི་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།།