༧གོང་ས་མཆོག་སྦེལ་ཀོབ་ཏུ་ཞབས་སོར་འཁོད་པ།

ཕྱི་ཟླ་༧ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་༣:༣༠ ཐོག ༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་བྷེང་ལོར་ནས་ཐད་འཕུར་གནམ་གྲུ་བརྒྱུད། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ཀྱི། ས་གནས་ཉིན་མོའི་སློབ་གྲྭའི་རྩེད་ཐང་དུ་འབྱོར་གནང་ཡོད་པ་རེད།

ས་གནས་ཀྱི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་། དད་ལྡན་སེར་སྐྱང་མང་ཚོགས་ཀྱིས་ཆིབས་བསུའི་སྣེ་ལེན་བྱས་ཏེ། སེ་ར་ཐག་ཆེན་གླིང་དུ་ཞབས་སོར་འཁོད་ཡོད་པ་རེད།

hh_b1_2013_7_6༧གོང་ས་མཆོག་གནམ་གྲུ་ནས་བབ་མ་ཐག་རྒྱ་གར་བའི་གསར་འགོད་པ་ཁག་ཅིག་གིས་བཅར་འདྲི་གནང་སོང་བར།  ཁོང་སྦེལ་ཀོབ་ས་གནས་ཕེབས་དགོས་དོན་གཙོ་བོ་རྒྱ་གར་གྱི་ནང་ཆོས་འཛིན་སྐྱོང་ལྟེ་གནས་བོད་ཀྱི་དགོན་སྡེ་ཁག་གི་ནང་དགེ་འདུན་པ་ཚོར་བསྙེན་རྫོགས་ཀྱི་སྡོམ་གནང་བར་ཕེབས་པ་ཡིན་སྐོར་དང་། ཁོང་གིས་ད་དུང་རྒྱ་གར་ལྷོ་ཕྱོགས་ཀརྞ་ཌ་ཀའི་མངའ་སྡེ་ནི་བོད་མི་ལ་བཀའ་དྲིན་ཆེན་པོ་ཡིན་ཞེས་གསུངས་ཡོད་པ་རེད།

སྦེལ་ཀོབ་ས་གནས་སུ་༧གོང་ས་མཆོག་གི་ཕེབས་ལམ་གཡས་གཡོན་དུ་ཚོན་ཁྲ་སྣ་ཚོགས་ཅན་གྱི་དར་ཆ་དང་ནང་པའི་ཆོས་ཀྱི་དར་ཆ། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་སོགས་ཕྲེང་བར་བལྟར་བ་དང་། ལམ་མདོ་ཆེ་ཁག་དང་གྲོང་སྡེ་ཁག་གི་མཚམས་སུ་ཕེབས་བསུའི་སྒོ་ཆེན་དང་བསང་གཏོང་བ།  གོང་ས་མཆོག་གི་སྐུ་གསུང་ཐུགས་གསུམ་ལ་བསྟོད་པ་དང་། གསོལ་འདེབས་སོགས་བྲིས་པའི་འཕྲེད་དར་བརྒྱ་ཕྲག་བརྒལ་བ་བསྒྲེངས་འཛུགས་བྱས་འདུག

hh_b_2013_7_6༧གོང་ས་མཆོག་སྦེལ་ཀོབ་ས་གནས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་པ་ནི་ས་གནས་མི་མང་གིས་བསོད་ནམས་ཀྱི་ལས་སྐལ་ཞིག་ཏུ་ངོ་འཛིན་བྱེད་བཞིན་པ་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཧུན་སོར་རབ་རྒྱས་གླིང་དང་། ཀོ་ལེ་གྷལ་དོན་ལྡན་གླིང་སོགས་ཕྱོགས་མཐའ་ཁག་ནས་ཆེད་དུ་སྐུའི་འཁྲུངས་སྐར་ལ་བཅར་བའི་དད་ལྡན་མི་མང་ཁྲི་ཕྲག་ལྷག་གིས་དགའ་དད་སྤྲོད་གསུམ་གྱི་སྒོ་ནས་ལུས་ལ་ཟབ་འཆོར་སྤྲོས་པ་དང་ལག་ཏུ་དྲི་མེད་ཀྱི་ཁ་བཏགས་དང་མེ་ཏོག་ཐོག་སྟེ་ཕེབས་བསུ་ཞུས་ཡོད་པ་རེད།

ད་ཐེངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྦེལ་ཀོབ་ས་གནས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བའི་མཛད་རིམ་གཙོ་བོ་ནི་སེར་བྱེས་གྲྭ་ཚང་དུ་སྐུའི་འཁྲུངས་སྐར་གྲུབ་པ་དང་། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཉིན་ལྔའི་རིང་ལ། གདན་ས་ཁག་གི་དགེ་འདུན་པར་བརྙེན་རྫོགས་ཀྱི་སྡོམ་པ་ཞུ་མཁན་རྣམས་ལ། བསྙེན་རྫོགས་ཀྱི་སྡོམ་པ་གནང་རྒྱུ་ཡིན་པ་དང་། དེ་ནས་ཧོན་སུ་རབ་རྒྱས་གླིང་དང་། མོན་གྷོ་འདོད་དགུ་གླིང་བཅས་ཀྱི་རིས་མེད་ཀྱི་ཆོས་སྡེ་ཁག་ལ་ཆིབས་བསྒྱུར་ཀྱིས། བཀའ་ཆོས་བཀའ་སློབ་ཀྱི་བཀའ་དྲིན་སྐྱོང་གནང་རྒྱུ་ཡིན་པ་རེད་འདུག །

མེ་སོར་གསར་འགོད་པས།