༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་འཁྲུངས་སྐར།

2013_7_6_2

དེ་རིང་ཞོགས་པར་དཔལ་རྒྱལ་དབང་ཀརྨ་པ་དབུ་བཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲིད་ཞུ་བ་རྣམ་པ། གཞན་ཡང་རྒྱ་ཆེའི་མང་ཚོགས་བཅས་ཀྱིས་༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་།

2013_7_6_2དེ་ཡང་ཟླ་འདིའི་ཕྱི་ཚེས་༦ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ པའི་སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧དཔལ་རྒྱལ་དབང་ཀརྨ་པ་དབུ་བཞུགས་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་ཀྱིས་དབུས་ཁྲིམས་ཞིབ་པ་རྣམ་པ་དང་། སྲིད་སྐྱོང་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིོས་དབུས་བཀའ་བློན་རྣམ་པ། དེ་བཞིན་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་དབུས་སྤྱི་འཐུས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་དང་སྲིད་ཞུའི་ལས་བྱེད་རྣམ་པ། གཞན་ཡང་དྷ་ས་ཁུལ་གྱི་ཚོགས་པ་ཁག་གི་སྐུ་ཚབ་དང་སློབ་ཕྲུག དགོན་སྡེ་ཁག་གི་གྲྭ་བཙུན་རྣམ་པ་སོགས་སེར་སྐྱ་མི་མང་ཧ་ཅང་མང་པོ་འདུ་མཛོམས་ཀྱིས་༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོ་ཞིག་འཚོགས་སོང་།

མཛད་སྒོའི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས། བོད་རྒྱལ་ཁབ་ཆེན་པོ་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་རྗེས་དྷ་སྟེང་བོད་ཁྱིམ་སློབ་གྲྭས་རྔ་རོལ་དང་བཅས་མང་ཚོགས་ཀྱིས་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་རིམ་པ་བྱས་ནས་བཏང་སོང་ལ། དེ་རྗེས་བོད་མིའི་སྒྲིག་འཛུགས་ནང་ལས་ཀ་བྱས་ནས་ཞབས་ལོ་༢༥ འཁོར་བའི་སྲིད་ཞུ་བ་༤ ལ། ལས་བྱེད་འདེམས་བསྐོ་ལྷན་ཁང་གིས་གྲ་སྒྲིག་འོག་སྲིད་སྐྱོང་གི་སྐུ་ཚབ་ཆོས་རིག་བཀའ་བློན་གྱིས་ལེགས་སྐྱེས་གནང་སོང་།

དེ་ནས་སྲིད་སྐྱོང་གི་སྐུ་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཐོག་བཀའ་ཤག་གིས་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་སོང་།

2013_7_6_1མཐར་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བའི་གཞས་སྣ་ཁག་ཅིག་ཀྱང་མང་ཚོགས་ལ་གཟིགས་འབུལ་ཞུས་སོང་།

ལོ་འདིར་༧གོང་ས་མཆོག་དབུ་བཞུགས་ཐོག་རྒྱ་གར་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་༧གོང་ས་མཆོག་དགུང་གྲངས་༧༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ཞུས་ཡོད་པ་རེད།