འཁྲུངས་སྐར་ལ་ལེགས་སྐྱེས་སུ་(ཆིག་སྒྲིལ)་དྲ་བ་ཤར་གཏོང་བྱས་པ།

འཁྲུངས་སྐར་ལ་ལེགས་སྐྱེས་སུ་(ཆིག་སྒྲིལ)་དྲ་བ་ཤར་གཏོང་བྱས་པ།

  ༄༅། ། ཤ་རུས་ཁྲག་རྒྱུན་གཅིག་པའི་ཕྱི་ནང་གི་

 

                                                   དྲ་ཚིགས་འདི་ཀློག་པ་པོ་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།

       

  ལོ་ངོ་ཧྲིལ་པོ་གཅིག་ཙམ་གྱི་ཡར་སྔོན་ཞིག་སྟེ་(༢༠༡༢)ལོའི་ལོ་འགོ་ཙམ་ནས་རང་ཅག་བ་དག་གི་བླ་སྲོག་ཏུ་འབོད་པའི་སྐད་དང་ཡི་གེ་ཞེས་པ་འདི་ཉིད་མི་ཉམ་གོང་འཕེལ་དང་ཉམ་པར་སླར་གསོ། གཞན་ཡང་ཕྱི་ནང་གི་སྤུན་ཟླ་མང་པོའི་མཐུན་ལམ་རྡོ་རྩ་ཆིག་སྒྲིལ་ཡོང་ཆེད་དུ་འདིར་ཆིག་སྒྲིལ་གྱི་ནང་སྙིང་གསོན་པོ་ཞིག་སྟེ། “ཆོལ་ཁ་ལ་དབྱེར་བ་མེད་པ་དང་། ཆོས་ལུགས་ལ་རིས་མེད་པ། ཕོ་མོ་ལ་འདྲ་མཉམ་དུ་ལྟ་བ།

’’འགྲེལ་དོན་གྱི་ལྟ་གྲུབ་དམར་རྗེན་མ་འདི་གསུམ་པོ་གཞིར་བཞག་གི་ཐོག་ནས་ངེད་གྲྭ་རྐྱང་ཞིག་གིས་དངུལ་གྱི་ཡོང་བབ་ཞལ་འདེབས་ཀྱི་ལམ་ནས་ཆིག་སྒྲིལ་ཟེར་བའི་དུས་དེབ་ཅིག་མི་ཡུལ་བཏོན་ཁུལ་བྱས། དེར་བརྟེན་བྱ་གཞག་དེ་ལ་མཁས་པ་དང་། བསམ་བློ་བ། སྒྱུ་རྩལ་བ་སོགས་རྣམ་དཔྱོད་ལྡན་པའི་མི་བུ་གང་མང་ཞིག་གིས་རྗེས་སུ་ཡིད་རངས་དང་བཅས་ཏེ་ནམ་ཡང་ལས་འགུལ་འདི་འདྲ་ལ་རྒྱབ་སྐྱོར་གཡོ་འགུལ་མེད་པ་ཡོད་ཅེས་དངོས་སུ་ངེད་རྩོམ་སྒྲིག་པའི་རྣ་ལམ་དུ་དུས་རྟག་པར་གསུང་བ་དང་བསྟུན། ད་ལམ་སྔོན་གྱི་སྐབས་གཞན་དང་མི་འདྲ་བར་དྲ་རྒྱའི་རིག་གནས་ཀྱི་མཁའ་ལམ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་དུས་སྐབས་འདིར་ངེད་(ཆིག་སྒྲིལ)་ལོ་དེབ་རྩོམ་སྒྲིག་པས་ཟླ་ངོ་འགའ་ཤས་ཀྱི་སྔོན་ནས་(བོད་ཀྱི་དྲ་རྒྱ་ཇུས་འགོད་ཁང)་ལ་དྲ་ཚིགས་ཤིག་དགོས་ཞེས་ཡང་ཡང་རེ་སྐུལ་ཞུས་པ་དང་བརྟེན་ནས་ད་ལྟ་དངོས་སུ་དྲ་ཚིགས་ཤར་གཏོང་བྱས་བའི་སྐལ་བཟང་གི་ཉི་མ་ཞིག་ཤར།

           འོན་ཏང་ཉིན་འདི་ཚོ་ངེད་རྩོམ་སྒྲིག་པ་ལ་སྒེར་གྱི་ལས་བྲེལ་གྱི་དབང་གིས་དུས་ཚོད་ཤིན་ཏུ་ནས་ཕྲ། རེད་དེ། ཆུང་དུས་ཕ་རྒན་བཟང་པོའི་བསླབ་བྱ་ཞིག་སྟེ། “བྱ་དངོས་ཤིག་མགོ་བཙུགས་ཚར་དུས་ངེས་པར་དེ་ལ་གྲུབ་འབྲས་བཟང་པོ་ཞིག་མ་རེག་གི་བར་དུ་ནམ་ཡང་ཕྱིར་འཐེན་མ་བྱེད་ཨང་། ’’ཞེས་གསུངས་པའི་གཏན་ཚིགས་རྣམ་དག་དེ་སེམས་སུ་ཡང་ཡང་དྲན་ཡོང་བས་དོན་མེད་དུ་གཡུགས་རྐྱང་བྱེད་མ་འདོད། གནས་ལུགས་མང་པོ་མང་པོ་དེ་དག་ལ་བརྟེན་ནས་ད་ལྟ་ངེད་(ཆིག་སྒྲིལ་དྲ་ཚིགས)་འདི་དངོས་སུ་ཤར་གཏོང་བྱས་ཡོད། དེ་ནི་ངེད་དྲ་ཚིགས་རྩོམ་སྒྲིག་པས་ཁྱེད་ཅག་གི་རྣ་ལམ་དུ་གསལ་གསལ་ཐིང་ཐིང་བྱས་ནས་བཤད་དགོས་པའི་སྐད་ཆ་ཨང་དང་པོ་དེ་ཡིན།

                                    ༢ ༽སྐབས་བབ་རྩོམ་པ་པོ་དག་ལ་ཚིག་འགའ་ཞུ་བ།

         

སྐབས་སུ་བབ་པའི་ཕྱི་ནང་གི་རྩོམ་པ་པོ་དག་ལ་ཞུ་དགོས་པ་ཞིག་ནི་ད་ལྟ་ངེད་དྲ་ཚིགས་འདི་དངོས་སུ་ཤར་གཏོང་བྱས་ཏེ་ཁྱེད་ཅག་གི་མདུན་དུ་ཡོད། ནན་ཏན་བྱས་ནས་ཞུ་རྒྱུར། ཁྱེད་ཅག་ལ་ངེས་པ་དོན་གྱི་(ཆིག་སྒྲིལ)་ཞིག་དགོས་ན་གླིང་ཁ་འདིར་རྟག་ཏུ་ཡོང་རྒྱུ་མ་བརྗེད་རོགས། ཁྱེད་ཅག་ལ་ངེས་པ་དོན་གྱི་ཆོས་ལུགས་རིས་མེད་ཅིག་དགོས་ན་ངེད་དྲ་ཚིགས་སུ་ཉིན་ལྟར་ཐེངས་རེར་ཡོང་རྒྱུ་མ་བརྗེད་རོགས། ཁྱེད་ཅག་ལ་ཕོ་མོ་འདྲ་མཉམ་གྱི་ལྟ་བ་དགོས་ན་ངེས་པར་དྭངས་གཙང་གི་གནས་མཆོག་འདིར་ཉིན་ལྟར་ཡོང་རྒྱུ་མ་བརྗེད་རོགས། དོན་གནད་དུ་སོང་བ་ཞིག་བྱས་ན། དྲ་ཚིགས་འདི་ནི་ཁྱེད་དང་ངེད་གཉིས་མཐུན་སྒྲིལ་གྱི་ཆེད་དུ་ཡིན། བླ་སྲོག་ཏུ་འབོད་པའི་སྐད་དང་ཡི་གེ་དེའི་ཆེད་དུ་ཡིན། དེ་ནི་ངེད་དྲ་ཚིགས་རྩོམ་སྒྲིག་པས་ཐོག་མར་ཁྱེད་ཅག་གི་རྣ་ལམ་དུ་བཤད་དགོས་པའི་སྐད་ཆ་ཨང་གཉིས་པ་དེ་ཡིན།

                                   ༣ ༽ སྒེར་གྱི་དེབ་སྐྱེལ་བྱེད་སྟངས་དང་ཟིན་བྲིས་སྤེལ་ཕྱོགས་སྐོར།

                           སྙིང་ཉེ་བའི་དྲ་ཚིགས་འདི་ཀློག་པ་པོ་སུ་ཞིག་ཡིན་རུང་དྲ་བ་འདིའི་ནང་དུ་རང་རང་གིས་ཆིག་སྒྲིལ་ཟེར་བའི་ཁ་བྱང་འདི་དང་མི་འགལ་བའི་སྒོ་ནས་བསམ་ཚུལ་ལྷུག་པོ་བརྗོད་ཆོག་པ་མ་ཟད་རྩོམ་ཡིག་གམ་བསམ་ཚུལ་འབྲི་སའི་ས་མིག་ཉར་ཆོག་ཆོག་ཡིན། གལ་ཏེ་དེ་ལྟར་ས་མིག་ཉར་འདོད་ཡོད་ཚེ་ཐོག་མར་སྐུ་ཉིད་དྲ་བའི་མདུན་ངོས་སུ་ཕེབས་ནས་ཟིན་བྲིས་ཞེས་པའི་ལེ་ཚན་ནང་དུ་སོང་། དེ་ནས་གོང་གི་དེབ་སྐྱེལ་ཟེར་བ་དེར་གནོན་ན་དེབ་སྐྱེལ་བྱ་སའི་ནང་ཚན་གྱི་བར་སྟོང་དག་ཤར་ངེས་ཡིན། དེ་དག་རིམ་བཞིན་སྐོངས་ཏེ་དེབ་སྐྱེལ་བྱོས། དེབ་སྐྱེལ་ལེགས་གྲུབ་བྱུང་སོང་ན་གློ་བུར་དུ་དྲ་བའི་མདུན་དུ་ཡི་གེ་སྔོན་པོ་འགའི་ནང་དུ་དེབ་སྐྱེལ་ཟིན་ལུགས་སོགས་གསལ་བོ་ཤར་ཡོང་། སྐབས་དེར་ཁྱེད་ཀྱི་དེ་སྔོན་དེབ་སྐྱེལ་བྱས་སྐབས་བེད་སྤྱོད་བཏང་བའི་གློག་འཕྲིན་ཁ་བྱང་སྒོ་ཕྱེ་ནས་ནང་དུ་འཛུལ་དགོས། ནང་དུ་འཛུལ་མ་ཐག་ངེད་དྲ་བས་ཁྱེད་ལ་ཕུལ་བའི་དྲ་ཐག་རིང་མོ་ཞིག་ཡོད་པ་མ་ཟད་འཚམས་འདྲི་དང་བཅས་ཏེ་གསང་ཨང་དང་ཐོག་མིང་གཉིས་ཀྱང་དེར་བཏང་ཡོད། དེའི་རྗེས་སྐུ་ཉིད་ཀྱིས་དྲ་ཐག་རིང་མོ་དེར་གནོན་ནས་གསང་ཨང་དང་ཐོག་མིང་གཉིས་ཁྱེར་ནས་ངེད་དྲ་བའི་ཟིན་བྲིས་ལེ་ཚན་ནང་དུ་ཤོག དེ་ནས་རིམ་བཞིན་ཐོག་མིང་དང་གསང་ཨང་སོགས་སྤྱོད་ན་ནང་འཛུལ་བདེ་ལེགས་ངང་བྱ་ཐུབ། དེའི་རྗེས་བསམ་ཚུལ་ལམ་རྩོམ་ཡིག་སོགས་གང་མང་སྤེལ་བའི་རེ་བ་སྙིང་ནས་ཆེ། དེ་ལས་ལྷག་པའི་དཀའ་ངལ་ཞིག་ཡོད་ཚེ་ངེད་དྲ་བའི་རྩོམ་སྒྲིག་པར་འབྲེལ་བ་བྱོས། དེ་ངེད་དྲ་བའི་རྩོམ་སྒྲིག་པས་ཁྱེད་ཅག་ལ་བཤད་དགོས་པའི་སྐད་ཆ་ཨང་གསུམ་པ་དེ་ཡིན།

                                          ༤༽བསམ་ཤེས་དགོས་པའི་བརྡ་ཐུང་ཞིག

                       གོང་དུ་ཞུས་ཟིན་པ་ལྟར་ད་ལྟ་ངེད་དྲ་བ་ཤར་གཏོང་བྱས་པ་ཙམ་ལས་དྲ་བའི་རྩོམ་སྒྲིག་པར་འདོད་བློ་འཚམས་པ་ཞིག་མ་བྱུང་ལ། མ་ཟད་དྲ་ཚིགས་འདིའི་ནང་དུ་མིག་གིས་མཐོང་མི་བདེ་བའི་རྩོམ་ཡིག་སྤེལ་སྟངས་ཀྱི་རིམ་པ་སོགས་མང་པོ་འཁྲུལ་ཡོད་ཤས་ཆེ། དེ་བས་ངོ་ཚ་དགོས་པ་ཞིག་ལ་ཡིག་ནོར་མང་སྲིད། འོན་ཏང་དེ་དག་ལ་གནས་སྐབས་རིང་དམིགས་བསལ་ལམ་གུ་ཡངས་ཏོག་ཙམ་གནང་བའི་རེ་བ་སྙིང་ནས་མཆིས། རྒྱུ་མཚན་གང་ཞེ་ན་ད་ལྟ་ངེད་རྩོམ་སྒྲིག་པར་སེམས་ཤུགས་དང་ལྷག་བསམ་གཅིག་པུ་ལས་རང་ཡིག་སོགས་གཙོས་པའི་ཤེས་བྱའི་གནས་ལ་ཧ་ཅང་རྨོངས་པ་ཞིག་ཡིན། དེར་བརྟེན་གང་ཐུབ་ཅི་ཐུབ་ཀྱི་འབད་བརྩོན་བགྱིས་ཏེ་ངེད་རྩོམ་སྒྲིག་པས་དྲ་ཚིགས་འདིར་འོད་སྟོང་ལྡན་པ་ཞིག་བྱ་ངེས་ཡིན་ཞེས་དམ་བཅའ་བ་འདི་ནི་ངེད་དྲ་ཚིགས་རྩོམ་སྒྲིག་པས་ཁྱེད་ཅག་བཤད་དགོས་པའི་སྐད་ཆ་ཨང་རིམ་བཞི་པ་དེ་ཡིན།

                                             ༥༽ དྲ་ཚིགས་འདིའི་ཁྱད་ཆོས།

                        ཉིན་འགའ་ཤས་ཀྱི་སྔོན་དུ་གྲོགས་པོ་(རྡོ་མེ་འབུད)་ལགས་ཀྱིས་མི་མང་པོ་ཞིག་གིས་ཁོ་པ་ལ་བཤད་བྱུང་ཟེར། སྐད་ཆ་དེ་དེང་གི་སྤྱི་ཚོགས་ཟང་ཟིང་འདི་འདྲ་ཞིག་གི་ནང་ན་དྲ་ཚིགས་གསར་བ་ཞིག་བཟོས་ན་དེ་སྔ་ཡོད་བཞིན་པའི་དྲ་ཚིགས་ཁག་དང་ཁྱད་ཆོས་དམིགས་བསལ་བ་རེ་དགོས་པ་ལས་གཞན་དེ་ལས་ལྡོག་ན་ཁྱེད་ཀྱིས་དྲ་ཚིགས་བཟོས་པའི་དགོས་དོན་དབེན་པ་རེད་ཅེས་བཤད་སོང་ཟེར། བདེན་པ་རེད། ངལ་བ་མང་པོ་ཞིག་དང་དུ་ལེན་ནས་དྲ་ཚིགས་ཤིག་བཟོས་པར་དེ་སྔོན་གྱི་དྲ་བ་དག་དང་ཁྱད་ཆོས་གཅིག་པ་བྱས་ན་ངོ་མ་དྲ་བ་འདི་བཟོས་པའི་དགོས་དོན་མ་འགྲུབ་བ་རེད། དེར་བརྟེན་དྲ་ཚིགས་འདི་གཞན་དང་མི་འདྲ་སའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི་འདི་འདྲ་ཡིན།

                               ༡༽དེ་སྔ་ནས་ང་ཚོ་ལ་དྲ་ཚིགས་མེད་པ་མིན་པར་དྲ་ཚིགས་ཧ་ཅང་མང་པོ་ཡོད། འོན་ཏང་དེ་དག་ལས་གཅིག་ནི་སྒེར་གྱི་ཟིན་བྲིས། གཞན་ནི་ཡུལ་ལུང་སོ་སོའི་བདག་ཏུ་བཟུང་པ་ཞིག་ལས་གཅིག་གྱུར་གྱི་དྲ་ཚིགས་ཤིག་གམ་ཡང་ན་བོད་ཆོལ་ཁ་གསུམ་གྱི་ལྡིང་ཆ་ཡིན་པའི་རང་དབང་གི་དྲ་བ་ཞིག་ཕལ་ཆེར་བྱུང་མེད་ཟེར་ནའང་ཆོག དཔེར་ན། ཁམས་པའི་དྲ་བ། སེང་རྡོར་དྲ་བ། མདོ་སྨད་དྲ་བ། སྡེ་དགེ་དྲ་བ། སོགས་ལུང་ཚན་གྱི་མིང་བཏགས་པའམ་ཡང་ན་མི་སྒེར་གྱི་མིང་བཏགས་པ་ཤ་སྟག་ཡིན་པའི་གནས་ལུགས་ཀྱི་དབང་གིས་གཅིག་གྱུར་གྱི་དྲ་ཚིགས་ཤིག་ཡོང་ཐབས་བྲལ་སོང་བ་རེད། དེར་བརྟེན་དེ་དག་མེད་པའི་གཅིག་གྱུར་གྱི་རྣམ་པ་ཞིག་དྲ་བ་འདི་ལ་ཡོད།

                              ༢༽ ཡང་ཕྱོགས་ཤིག་ནས་དྲ་བ་མང་པོ་ཞིག་རང་དབང་གི་ངང་ནས་རྩོམ་ཡིག་སྤེལ་བ་སོགས་བྱེད་ཀྱིན་ཡོད་ལབ་མོད། དོན་དུ་ལག་ལེན་དངོས་ལ་ཐུག་དུས་རང་དབང་གི་རྩོམ་ཡིག་སྤེལ་བར་དཀོན་པོ་ཡོད་པར་རྩོམ་པ་པོ་དག་ལ་ལྐོག་ཏུ་མ་གྱུར་བས་ངེད་དྲ་བའི་རྩོམ་སྒྲིག་པའི་ངོས་ནས་དྲ་བའི་ཁ་བྱང་དང་མི་འགལ་བ་ཞིག་ཡིན་ཚེ་དབྱེར་མེད་ཀྱི་རིམ་བཞིིན་རྩོམ་ཡིག་སྤེལ་རྒྱུའི་དམ་བཅའ་གཙང་མ་འདིས་ཁྱད་ཆོས་གཉིས་པ་ཡིན་ཆོག

                             ༣ ༽དེ་ལས་གཞན་པ་ཞིག་ལ་དེ་སྔོན་དང་མི་འདྲ་ས་ནི་དེང་སྐབས་ལག་ཁྱེར་ཁ་པར་མང་བས་ཡིན། མི་མང་པོས་དེང་སྐབས་ལག་ཁྱེར་ཁ་པར་སོགས་ཤེལ་སྒོ་ཆུང་ཆུང་ཅན་དག་གི་ནང་ནས་ངོ་དེབ་སོགས་དྲ་བའི་རྩོམ་ཆོས་རིགས་ཀློག་གི་ཡོད། དེར་བརྟེན་དེ་ལྟར་བཀླག་པར་དཀའ་ངལ་ཞིག་ཡོད་པ་ནི་གང་མགྱོགས་མ་ཤར་བའི་ཁར་དྲ་ཚིགས་དག་ཁ་འབྱེད་མི་ཐུབ་པའི་དཀའ་ངལ་དེ་ཡིན། དེའི་དཀའ་ངལ་ལས་གྲོལ་བའི་ཐབས་ལམ་ནི་དྲ་ཚིགས་ཡངས་མོ་དགོས་རྒྱུ་དེ་རེད། དེའི་ཕྱིར་དྲ་ཚིགས་འདི་ནི་པར་རིས་སོགས་ཀྱི་རྣམ་པ་ཤུགས་ཆེར་མེད་པས་ལག་ཁྱེར་ཁ་པར་སོགས་ཀྱི་ནང་ན་གཞན་དག་དང་བསྡུར་ན་གང་མགྱོགས་ཤར་ངེས་ཡིན། འོ་ཡ། གནས་སྐབས་རིང་ངོ་སྤྲོད་ཙམ་གྱི་ཆེད་དུ་རྩོམ་སྒྲིག་པས་ཤར་མར་དགོས་དབང་གིས་བྲིས་བཞག་པས་དག་བཅོས་ཙམ་ཡང་མ་བྱས་པར་དྲ་ཐོག་ཏུ་སྤེལ་བ་ཡིན།

སྒེར་གྱི་སྐད་འཕྲིན། ༨༡༣༩༩༧༠༦༨༧

 

སྒེར་གྱི་ཁ་པར། ༨༨༩༢༩༨༥༣༣༡

 

གློག་འཕྲིན་ཁ་བྱང་། lithangyignye2013@gmail.com

 

དྲ་ཚིགས་ཁ་བྱང་། http://www.chikdrel.net/