རྟོག་འགྱུའི་ང་རོ་ཞེས་པའི་དཔེ་དེབ།

ཕྱི་ཟླ་༧ ཚེས་༦ ཉིན་གྱི་ཕྱི་དྲོ་སེར་བྱེས་བྱ་བྲལ་ཁང་ཚན་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩིའི་བགྲོ་གླེང་དང་བསྟུན། རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེས་སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་བརྩམས་པའི་<<རྟོག་འགྱུའི་ང་རོ་>>ཞེས་པའི་དཔེ་དེབ་དེ་དབུ་འབྱེད་གནང་འདུག

དཔེ་དེབ་དེ་རྩོམ་པ་པོ་ཁོང་གི་རྩོམ་ཡིག་དེབ་ཕྲེང་གསུམ་པ་ཡིན་པ་དང་། གསར་བཅད་རྣམ་པའི་ཚིག་འགྲོས་ཀྱི་རང་བཞིན་ལྡན་པའི་དཔྱད་བརྗོད་སྙན་ངག་ཅིག་ཡིན་འདུག དེབ་དེའི་ནང་དད་པའི་དབྱངས་དང་། ལ་རྒྱའི་དབྱངས། དཔྱོད་པའི་དབྱངས། ཚོར་བའི་དབྱངས། བཅས་ཚན་པ་བཞི་ཡིས་གྲུབ་ཡོད་པ་དང་། ཤོག་ངོས་༡༣༥ འདུག

rinchen_dundup123དེབ་ཀྱི་སྔོན་གླེང་དུ་རྩོམ་པ་པོས་“སྒྱུ་རྩལ་སེམས་ཁམས་ཀྱི་ནུས་པ་ལྡན་པའི་ཀློག་པ་པོ་མེད་པའི་སྡུག་ཡུས་འདི་སྙན་ངག་འབྲི་མཁན་དག་གིས་ཡང་དང་ཡང་དུ་གླེང་བཞིན་པ་དེ་རྒྱུན་ལྡན་ལྟ་བུར་སྣང་མོད་སྡུག་བཤད་འདི་མུ་མཐུད་དེ་ཡང་ཟློས་བསྐྱར་ཟློས་བྱེད་པ་ལས་སྙན་ངག་འབྲི་མཁན་དག་གིས་ནམ་ཡང་རང་ཉིད་ཀྱི་བསམ་བློའི་བཟོ་བཀོད་དང་། འཚོ་བའི་མྱོང་ཞིབ། སྒྱུ་རྩལ་ཆེད་སྦྱོང་སོགས་ཀྱི་ནུས་པ་ཞན་པའི་ཆ་དེར་ངེས་པར་དུ་དོ་སྣང་བྱ་དགོས་པའང་གནད་འགག་ལས་ཀྱང་གནད་འགག་རེད། དེའི་ཕྱིར་ངས་ད་དུང་རང་ཉིད་ཀྱི་སྙན་ངག་གི་བཟོ་བཀོད་དང་། སྒྱུ་རྩལ་གྱི་ཆ། སྒྲིག་སྦྱོར་གྱི་ཆ། ཡིད་འགུགས་ཀྱི་ཆ་སོགས་ཕྱོགས་གང་ནས་ཀྱང་ཡར་རྒྱས་གཏང་དགོས་པའི་ཆ་མང་པོ་ཞིག་ཡོད་པའི་གནས་ལུགས་དེར་དུས་ནམ་ཡང་དང་ལེན་བྱེད་ཀྱི་ཡོད་”ཅེས་བྲིས་འདུག

རྩོམ་པ་པོ་སེར་ཤུལ་རིན་ཆེན་དོན་གྲུབ་ནི་ཕྱི་ལོ་༡༩༨༠ ལོར་ཁམས་རྫ་ཆུ་ཁ་སེར་ཤུལ་སྡེ་བར་སྐྱེས།   ༢༠༠༨ ལོར་ <<གངས་ལྷའི་ཞབས་རྗེས་སྙེག་པའི་བརྩེ་སེམས་>>ཞེས་པའི་རྩོམ་དེབ་ཐོག་མར་པར་འགྲེམས་བྱས།   ༢༠༡༠ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་ཐོབ།  ༢༠༡༠ ལོ་ནས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་རིག་གནས་དགེ་རྒན་གྱི་ལས་ཁུར་ཞུས།  ༢༠༡༡ ལོར་དེབ་ཕྲེང་གཉིས་པ་དཔྱད་རྩོམ་ཕྱོགས་བསྒྲིགས་<<ཤེས་རབ་བླ་འབོད་>>པར་འགྲེམས་བྱས།  །