༄༅།། རྒོ་བ་རྒྱ་མཚོའི་སྙན་ངག།
ཡིད་འོང་མཛེས་ཉམས་ལྡན་པའི་གཡུ་ཞུན་མཚོ་མོ།།
རྒོ་བ་རྒྱ་མཚོ་ཞེས་པའི་གྲགས་སྙན་འབར་ས།།
དེ་རིང་མིག་ལམ་མཇལ་སྐབས་དགའ་སྐྱོའི་མཚོ་ཆུང་།།
དྲག་ཏུ་ལྡང་བའི་སྣང་ཤས་མཁའ་རུ་འཕྱུར་སོང་།
ངལ་དུབ་དུད་སྤྲིན་འཁྲིགས་པའི་སེམས་ཁོང་གཉོམ་པོ།།
རྒོ་བ་རྒྱ་མཚོ་མཇལ་སྐབས་ཁད་ཀྱིས་ཡལ་སོང་།།
སྐྱོ་གདུང་སྤྲིན་པ་ནག་པོའི་སུན་སྣང་སྟུག་པོ།།
རྒྱ་མཚོའི་རྦ་རླབས་ངོགས་སུ་རྒྱང་ཏུ་གྱེས་སོང་།
སེམས་གདུང་རྡུལ་དམར་ཁྲོད་ཀྱི་སྣང་ཤས་གཉོམ་པོ།།
རྒོ་བ་རྒྱ་མཚོའི་འགྲམ་ནས་ལྐོག་ལབ་ཤོར་སོང་།།
དྭངས་གཙང་མཚོ་ངོགས་རྦ་རླབས་གྱེན་ཏུ་ལྡང་སྐབས།།
བུ་སེམས་སྤྲོ་སྣང་ཞགས་པ་མཚོ་ལ་བྲིས་སོང་།།
རྒོ་བ་རྒྱ་མཚོའི་རུམ་ཁ་ཇི་འདྲའི་སྐྱིད་པ།།
བརྗེད་མེད་སེམས་ཀྱི་དུངས་སེམས་རྟེན་ཏུ་བཀོད་ཆོག།
དྲི་མེད་མཚོ་མོའི་སྤུ་བ་ལྷོད་ཀྱིས་མཆོང་སྐབས།།
མཚོ་མཐའི་བྱེ་ཐང་དམར་འོད་ཅི་འདྲའི་མཛེས་པ།།
མཚོ་མཐའ་བསྐོར་བའི་གསེར་འབྲོང་བུ་ངའི་སེམས་པ།།
རྒོ་བ་རྒྱ་མཚོའི་རླབས་སྒྲ་ཡང་ཡང་ཆགས་སོང་།།
མཐའ་མེད་མཚོ་མོ་ཆེན་མོའི་བྱེ་ཐང་ངོགས་སུ།།
དྲན་གདུང་སྙིང་གཏམ་དམར་པོའི་དུང་བ་གསོན་པོ།།
ཡིག་གཟུགས་ལམ་ནས་ཕབས་པའི་རེ་སྒུག་ཟབ་མོ།།
མཚོ་མཐའ་བསྐོར་བའི་བུ་ངས་ཁྱེད་ལ་ལབ་ཤོར།།
དྲི་བསིལ་ལྗང་ལོའི་འོག་ནས་སྙན་ཚིག་དུམ་ཆོད།།
མཚོ་མོ་ཁྱེད་ལ་ཕུལ་བའི་ཤེས་སྨོན་གསར་པ།།
གསེར་འབྲོང་སྨྱོན་པའི་མཇལ་དར་ཆེད་དུ་བྲིས་ཏེ།།
ལྷད་མེད་དགའ་སྤྲོའི་ངང་ནས་ཁྱེད་ཀྱིས་བཞེས་རོགས།།
གསེར་རྟ་བསོད་ནམས་ཕུན་ཚོགས་སམ་དཔལ་ཤུལ་འབྲོང་སྲས་སུ་
འབོད་པས་བཞུགས་སྒར་ནས་སུག་བྲིས་བགྱིས་སོ། ༢༠༡༣ ༦ ༢༣