ཚེ་ཕྱི་མར་མཐོང་ཆེན་དང་། སྐྱེ་བ་འདིར་མཐོང་ཆུང་བྱེད་ཀྱི་ཡོད་ཟེར།

 

གོང་བརྗོད་ཧོང་ཀོང་ཨེ་ཤི་ཡ་བདུན་རེའི་དུས་དེབ་ (Asia Weekly)  ནང་། རྒྱ་ནག་དབུས་གཞུང་གི་ཏང་སློབ་སྤྱི་ཚོགས་ཚན་རིག་སློབ་དཔྱོད་ཁང་གི་སློབ་དཔོན་ཆེན་མོ་ཅིན་ཝུས་ལ་རང་ལུས་མེར་སྲེག་གི་སྐོར་འདི་ལྟང་དྲིས་ཡོད། “ཉེ་ཆར་མི་མང་པོ་ཞིག་གིས་རང་ལུས་མེར་སྲེག་བཏང་ཡོད་པ་དང་། དེའི་ནང་མི་ཉུང་བ་ཞིག་གཞོན་ནུ་ཆགས་འདུག་པས། དེ་ལྟར་རང་ལུས་མེར་སྲེག་མང་པོ་བྱུང་དོན་དང་གཞོན་ནུ་མི་ཉུང་བ་ཞིག་གིས་དེ་ལྟར་ཆ་ཤས་ལེན་དོན་གང་ཡིན་ནམ་” ཟེར་བའི་ལན་གྱི་དོན་བསྡུས་ན། “ལོའི་འདིའི་ཟླ་ ༡ བར་བོད་མི་བརྒྱ་ལྷག་གིས་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་སྲེག་བཏང་དོན་ནི། དང་པོ། ཐུན་མོང་གི་སྨྱོ་ནད་དང་འགོས་ནད་ཅིག་རེད་ལ་དེ་ལས་འགུལ་ཞིག་ཀྱང་ཆགས་ཡོད། གཉིས་པ། རང་ལུས་མེར་སྲེག་བཀག་འགོག་གི་བྱེད་ཐབས་ལ་ད་ལྟའི་བར་གྲུབ་འབྲས་མངོན་གསལ་ཐོན་མེད། གསུམ་པ། རང་ལུས་མེར་སྲེག་གིས་སྔར་ལས་གཏིང་ཟབ་པའི་འགལ་ཟླ་སློང་སྲིད་ལ། རང་ལུས་མེར་སྲེག་དང་འབྲེལ་བའི་གསར་འགྱུར་དང་ཟིན་བྲིས་ཁག  མཆོད་འབུལ་སྨོན་ལམ་དང་འཚམས་འདྲི་སོགས་ལས་བྱུང་བའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་” ཅེས་ཟེར། མཇུག་ཏུ་མོས།

“གཙོ་བོ་གཞོན་ནུའི་ཁྲོད་དུ་ཡོང་གི་ཡོད་པ་དེ། མི་རབས་གསར་པ་ཚོས་གུང་ཁྲན་ཏང་ལ་བརྩེ་སེམས་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་རེད་ལ་ ་་།  གཞོན་ནུ་ཚོར་སྲིད་གཞུང་གསར་རྙིང་གཉིས་ཡག་ཉེས་དཔྱད་བསྡུར་གྱི་བསམ་པ་ཞན་པའི་རྐྱེན་གྱིས་རེད་” ཟེར་།

སློབ་དཔོན་ཅིན་ཝུས་ཀྱིས། “རང་ལུས་མེར་སྲེག་རྣམས་ཐུན་མོང་གི་སྨྱོ་ནད་དང་འགོས་ནད་ཅིག་རེད་ལ་དེ་ལས་འགུལ་ཞིག་ཀྱང་ཆགས་ཡོད་” ཟེར་བར། བོད་ནང་གི་བོད་མི་ཚོས་ཡོད་ཚད་བློས་བཏང་ནས་རང་ལུས་མེར་སྲེག་དེ་ལྟར་གནང་དོན་གུང་ཁྲན་ཏང་གིས་ཤོད་བཞིན་པའི་སྨྱོ་ནད་དང་འགོས་ནད་ཟེར་བ་སོགས་ནི། འགྲོ་བ་མིའི་བསམ་སྤྱོད་དང་ཡོངས་སུ་འགལ་བའི་གཡོ་སྒྱུའི་དྲིལ་བསྒྲགས་ཁོ་ན་ཡིན།  གནས་ལུགས་དང་རྒྱབ་ལྗོངས་ལོ་རྒྱུས་སོགས་གང་ཡང་མི་ཤེས་མཁན་ཞིག་ཡིན་ནའང།  རང་ལུས་མེར་སྲེག་གནང་མཁན་ཚོས་ཤུལ་དུ་བཞག་པའི་ཞལ་ཆེམས་དང་ལུས་ལ་མེ་འབར་བཞིན་པའི་སྐབས་འབོད་ཚིག་ཁག་ལ་བལྟས་ན། བོད་མི་ཚོས་རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་རྐྱེན་ཧ་ཅང་གསལ་པོ་ཤེས་ཐུབ།  གོང་དུ་སློབ་དཔོན་ཅིན་ཝུས་ཉིད་ཀྱིས། “ཏཱ་ལའི་བླ་མ་བོད་མི་མང་ཚོགས་ཀྱི་སེམས་སུ་སངས་རྒྱས་དངོས་རེད་ཟེར་བ་དང་། གུང་ཁྲན་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་སོགས་ལས་དོན་ཅི་འདྲ་བསྒྲུབས་པ་དང་། རྒྱུ་ནོར་དང་རོགས་སྐྱོར་ཅི་འདྲ་མང་པོ་སྤྲད་ཡོད་རུང་། མང་ཚོགས་དཀྱུས་མའི་སེམས་ནང་དུ་ཡོད་པའི་ཏཱ་ལའི་བླ་མའི་གོ་གནས་སུབ་ཐུབ་ཀྱི་མེད་ལ། དེ་བས་ཀྱང་བོད་རིགས་མང་ཚོགས་ཀྱིས་ཏཱ་ལའི་བླ་མར་གུས་བཀུར་དང་ཡིད་ཆེས་བྱེད་པར་འགྱུར་བ་གཏོང་ཐུབ་ཀྱི་མེད་” ཅེས་བཤད་པ་ལྟར། བོད་མི་མང་ཚོགས་ཀྱི་སེམས་སུ་ཡོད་པའི་སངས་རྒྱས་དངོས་བོད་དུ་ཕེབས་ནས། བོད་མི་མང་ཚོགས་ཀྱིས་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཐོབ་དགོས་པ་དང་།  དེ་བཞིན་བོད་མི་མང་ཚོགས་ལ་སྐད་ཡིག་དང་རིག་གཞུང་། བོད་ཀྱི་ཁོར་ཡུག་བདག་གཅེས། འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་དགོས་པ་གཉིས་ནི་ཁོང་རྣམས་ཀྱི་དམིགས་ཡུལ་གཙོ་བོ་རེད། ཡང་སློབ་དཔོན་ཅིན་ཝུས་ཀྱིས། “རང་ལུས་མེར་སྲེག་དེ་ལས་འགུལ་ཞིག་ཀྱང་རེད་” ཟེར་བ་ནི་བདེན་པ་རེད། བོད་རང་བཙན་རྒྱ་དམར་པོའི་ལག་ཏུ་ཤོར་ནས་མི་ལོ་ ༦༠ ཙམ་གྱི་རིང་ལ། བོད་མི་མང་ཚོགས་ཀྱིས་རྒྱ་གཞུང་ལ་རྒོལ་བའི་ལས་འགུལ་སྣ་མང་བརྩམས་མྱོང་ལ། ད་ཐེངས་རང་ལུས་མེར་སྲེག་གི་ལས་འགུལ་ཆེན་པོ་འདི་བྱུང་བ་རེད། ད་དུང་ཡང་གུང་ཁྲན་ཏང་གོ་མེད་ཚོར་མེད་ངང་བསྡད་ན། སྔར་མ་གྲགས་པའི་ལས་འགུལ་སྣ་ཚོགས་ཡོང་སྲིད།

སློབ་དཔོན་ཅིན་ཝུས་ཀྱིས་མུ་མཐུད་ནས།  “རང་ལུས་མེར་སྲེག་བཀག་འགོག་གི་བྱེད་ཐབས་ལ་ད་ལྟའི་བར་གྲུབ་འབྲས་མངོན་གསལ་ཐོན་མེད།” ཅེས་ཟེར་བ་དེ་དངོས་ཡོད་ཀྱི་གནས་ཚུལ་ཆགས་ཡོད། གང་ཡིན་ཞེ་ན་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་བཀའ་འགོག་བྱེད་ཐབས་ཇི་ལྟར་བྱས་ཡོད་དམ། དཔེར་ན། <<སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར>> ཟེར་བའི་ནང་། “རང་སྲེག་མཁན་གྱི་ཁྱིམ་ཚང་གི་མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་མེད་པར་བཟོ་དགོས། རང་སྲེག་མཁན་གྱི་སྡེ་བར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལག་བསྟར་བྱེད་པའི་ལས་གཞི་ཚང་མ་མེད་པར་གཏོང་དགོས། བཀོད་སྒྲིག་བྱས་ཟིན་པ་ཐམས་ཅད་ལེགས་སྒྲིག་བྱེད་པ་དང་མེད་པར་གཏོང་དགོས། མང་ཚོགས་ཁྲོད་དུ་རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲིར་སོང་ཡོད་མེད་དང་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་གསལ་བོར་ཤེས་དགོས། འཚམས་འདྲི་ཞལ་འདེབས་ཕྱོགས་ཀྱི་མགོ་འབུས་གནས་ཚུལ་ཡོད་ན། ནོར་འཁྲུལ་དང་མཇུག་འབྲས་ཚབས་ཆེན་གསལ་བཤད་བྱ་དགོས། བསླབ་བྱར་མི་ཉན་མཁན་དེར་སྤྱི་བདེ་སྡེ་ཁག་གིས་མྱུར་ཏུ་བྱེད་ཐབས་སྤྱད་ནས་རྡུང་རྡེག་ནན་མོ་གཏོང་དགོས་” ཟེར་བ་སོགས་དང་།

ཡང་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་༢༠ ཉིན་སྤེལ་བའི་བརྡ་ཁྱབ་ནང་།  “རང་ལུས་མེར་སྲེག་བྱེད་མཁན་སུ་འདྲ་ཞིག་གཞུང་ལ་རྩིས་སྤྲད་ན་བྱ་དགའ་སྤྲོད་རྒྱུ།  རང་སྲེག་རྒྱག་རྩིས་ཡོད་མཁན་མཚང་བརྟོལ་དང་ཉེས་འདོན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་ལྔ་སྟེར་རྒྱུ་ཡིན། མི་གཞན་ལ་སྐུལ་སློང་བྱས་ནས་རང་སྲེག་རྒྱག་ཏུ་འཇུག་པའི་ལྐོག་ཇུས་མཁན་མཚང་བརྟོལ་དང་ཉེས་འདོན་བྱེད་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་བཅུ་སྟེར་རྒྱུ་ཡིན། གནས་ཡུལ་དངོས་ནས་རང་སྲེག་རྒྱག་མཁན་མཐོང་ཚེ། དུས་ཐོག་ཏུ་བཀག་འགོག་བྱས་ཏེ། རང་སྲེག་རྒྱག་ཏུ་མི་འཇུག་མཁན་ལ་བྱ་དགའ་དམངས་སྒོར་ཁྲི་ཉི་ཤུ་སྟེར་རྒྱུ་ཡིན་” ཟེར་བ་སོགས། བོད་མི་རྣམས་དངུལ་དངོས་ཀྱིས་སླུ་ཐབས་བྱས་ཡོད། ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་<<བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར>> འོག་རིམ་ལ་ཁྱབ་བསྒྲགས་བྱས་ཟེར་བའི་ནང་། “རང་སྲེག་བྱེད་མཁན་གྱིས་ཕུང་པོ་ཡར་བཏེག་ནས་ཁྲོམ་སྐོར་དང་། མི་མང་པོ་འདུ་འཛོམ། མི་མང་མཉམ་རུབ་ཀྱིས་རང་བསྲེགས་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ་དང་། དེའི་དོན་དུ་ཞལ་འདེབས་སློང་བ་བཅས་བྱས་ན་ཁྲིམས་ལྟར་ལག་ལེན་བྱ་རྒྱུ་ཡིན་” ཟེར་བ་སོགས་སྤེལ་ནས། དེང་སྐབས་བོད་མི་བརྒྱ་ཕྲག་མང་པོར་རང་ལུས་མེར་སྲེག་དང་འབྲེལ་བའི་ཉེན་ཁག་སྣ་ཚོགས་གཡོག་ནས་བཙོན་འཇུག་བྱས་དང་བྱེད་བཞིན་ཡོད་པ། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་ཡོངས་གྲགས་ཡིན།  སློབ་དཔོན་ཅིན་ཝུས་ཀྱིས། “རང་ལུས་མེར་སྲེག་བཀག་འགོག་གི་བྱེད་ཐབས་ལ་ད་ལྟའི་བར་གྲུབ་འབྲས་མངོན་གསལ་ཐོན་མེད།” ཟེར་བར་ཁག་ཅི་ཡོད། བྱེད་ཐབས་དེས་རང་ལུས་མེར་སྲེག་འགོག་པ་ལས་ལྡོག་སྟེ་རང་ལུས་མེར་སྲེག་ཇེ་མང་དུ་གཏོང་བའི་རྒྱུ་རྐྱེན་ཆགས་བཞིན་ཡོད་པ་ཀུན་གྱིས་སྨྲ།

མོས་མུ་མཐུད་ནས།  “རང་ལུས་མེར་སྲེག་གིས་སྔར་ལས་གཏིང་ཟབ་པའི་འགལ་ཟླ་སློང་སྲིད་ལ། རང་ལུས་མེར་སྲེག་དང་འབྲེལ་བའི་གསར་འགྱུར་དང་ཟིན་བྲིས་ཁག  མཆོད་འབུལ་སྨོན་ལམ་དང་འཚམས་འདྲི་སོགས་ལས་བྱུང་བའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་” ཅེས་ཟེར། རྒྱ་ནག་གཞུང་གིས་བོད་དང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་སྒྱུར་བཅོས་མ་བཏང་ནས། རང་ལུས་མེར་སྲེག་གིས་རྒྱ་བོད་གཉིས་དབར་སྔར་ལས་གཏིང་ཟབ་པའི་འགལ་ཟླ་དང་འཁོན་འཛིན་སློང་ཡོད་ལ། ད་དུང་དེ་མུར་གནས་ན་དེ་བས་ཀྱང་སློང་སྲིད། གསར་འགྱུར་དང་ཟིན་བྲིས། མཆོད་འབུལ་དང་འཚམས་འདྲི་སོགས་ལ་རྒྱ་གཞུང་གིས་ཇི་ཙམ་དམ་དྲག་བྱས་པ་དེའི་ཚོད་ཀྱིས། བོད་པའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ཁྲོད་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད། ཡང་མོས། “གཙོ་བོ་གཞོན་ནུའི་ཁྲོད་དུ་ཡོང་གི་ཡོད་པ་དེ། མི་རབས་གསར་པ་ཚོས་གུང་ཁྲན་ཏང་ལ་བརྩེ་སེམས་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་རེད་” ཟེར་བ་འདི་ནི་ཆེས་ཡ་མཚན་ཞིག་རེད།  རང་ལུས་མེར་སྲེག་གཏོང་མཁན་གྱི་གཞོན་ནུ་དེ་ཚོ། རྒྱ་ནག་གི་སྐར་ལྔའི་དར་མ་འོག་ནས། མེས་རྒྱལ་ལ་དགའ། གུང་ཁྲན་ཏང་ལ་དགའ། སྤྱི་ཚོགས་རིང་ལུགས་ལ་དགའ་ཟེར་ནས། དགའ་བ་རྣམ་གསུམ་གྱི་གླུ་དབྱངས་ཏེ་འཚར་ལོངས་བྱུང་བ་ཞིག་རེད་ལ། རྒྱ་ནག་གཞུང་གིས་འཆམ་མཐུན་དང་སྤྱི་ཚོགས་བརྟན་བརླིང། དཔལ་འབྱོར་གོང་འཕེལ། ཞི་བདེ་བག་འཕེལ། ཞིང་བྲན་ཡར་ལངས་ཟེར་བའི་ཁ་གཡང་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པས། གུང་ཁྲན་ཏང་ལ་བརྩེ་སེམས་མེད་པའི་རྒྱུ་རྐྱེན་གང་ཡིན་ནམ།  གུང་ཁྲན་ཏང་གི་ཁ་གཡང་དེ་དག་དངོས་ཡོད་གནས་ཚུལ་ཡིན་ན་ན་གཞོན་དེ་དག་གུང་ཁྲན་ཏང་ལ་བརྩེ་སེམས་ཅན་ཞིག་ཆགས་སྲིད་ཀྱང་། དོན་དུ་གུང་ཁྲན་ཏང་ནི་ན་གཞོན་དེ་དག་གི་རང་དབང་དང་ཕུགས་འདུན། རེ་སྨོན་སོགས་ཡོད་ཚད་འཕྲོག་མཁན་དེ་ཆགས་ཡོད་པར་བརྟེན་རང་ལུས་མེར་སྲེག་གི་གནས་ཚུལ་དེ་བྱུང་ཡོད།  དེའི་སྐོར་གསལ་ཤོས་རྒྱ་ནག་གུང་ཁྲན་ཏང་གིས་ཤེས་ཀྱི་རེད་དེ་ལ་འཚམས་པར་སྲིད་བྱུས་སྒྱུར་བཅོས་གཏོང་དགོས་སྙམ།

མཇུག་བསྡོམས།

གོང་བརྗོད་དྲི་བ་ཁག་དང་འབྲེལ་ནས་སློབ་དཔོན་ཅིན་ཝུས་ཀྱིས་སྐད་ཆ་གནད་འགག་ཅན་འགའ་ཤས་བཤད་ཡོད་པ་སྟེ། “གཟབ་ནན་གྱིས་བོད་མིའི་སེམས་ཁམས་ཀྱི་དགོས་མཁོར་བསམ་བློ་གཏོང་དགོས། ལོ་ངོ་སྟོང་ཕྲག་རིང་ཆོས་ལུགས་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས། བོད་མི་ཚོས་སེམས་ལ་མཐོང་ཆེན་དང་དངོས་པོ་ལ་མཐོང་ཆུང་། ཚེ་ཕྱི་མར་མཐོང་ཆེན་དང་ཚེ་འདིར་མཐོང་ཆུང་བྱེད་ཀྱི་ཡོད་པ་དེ། བོད་མི་རིགས་ཀྱི་ཁྱད་ཆོས་ཆགས་ཡོད་པས། འདི་དང་རྒྱལ་ནང་གི་ཧན་གྲངས་མང་མི་རིགས་གཉིས་དབར་ཧེ་བག་ཆེན་པོ་ཡོད། གུང་ཁྲན་ཏང་གིས་ངེས་པར་དུ་འདིར་ངོས་འཛིན་གསལ་པོ་བྱེད་ཐུབ་པ་དགོས་” ཟེར། སྐད་ཆ་འདི་ནི་བོད་མི་ཚོའི་སེམས་ཁམས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱས་ནས་བཤད་པའི་སྐད་ཆ་ཞིག་ལ་ངོས་འཛིན་བྱེད་ཆོག  ལོ་རབས་ལྔ་བཅུ་པའི་འགོ་སྟོད་དུ་རྒྱ་བོད་གཉིས་ཀྱི་གཡུལ་འགྱེད་སྐབས། བོད་མི་རྒན་པ་ཚོས་རྒྱ་མི་ནི་སངས་རྒྱས་བསྟན་པའི་དགྲ་བོ་ཡིན་པས། བསད་ན་སྡིག་པ་མེད་ཅེས་གསུང་སྲོལ་ཞིག་ཆགས་ཡོད་འདུག  (བོད་ཀྱི་དམངས་ཁྲོད་དུ་ཙི་ཙི་བསྟན་དགྲ་རེད་བསད་ན་སྡིག་པ་མེད་ཟེར་སྲོལ་ཡོད་པ་ནི། ཙི་ཙིས་ཆོས་དམ་པ་དང་དཔེ་ཆ་གཙབ་ཀྱི་ཡོད་པས་ཡིན། ཞོར་འཕྲོས་ཡིན) འདིའི་ནང་དོན་གཙོ་བོ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་ཐུབ་པ་དང་བསྟན་པའི་ཆེད་དུ་ཚེ་འདིའི་རང་སྲོག་ཚུན་ཆད་ནས་བཏང་རུང་། ཚེ་ཕྱི་མར་རང་ཉིད་བདེ་འགྲོར་སྐྱེ་བ་དང་དེ་མིན་ན་མི་ལུས་ཙམ་ལེན་ཐུབ་པ་སོགས་བོད་མི་ཚོས་ཡིད་ཆེས་བྱེད་ཀྱི་ཡོད།  ད་དུང་ཚེ་ཕྱི་མ་དང་ཕྱི་མའི་ཕྱི་མ་སོགས་བདེ་ནས་བདེ་རུ་འགྲོ་བར། གལ་ཆེ་ཤོས་བསྟན་པ་སྲུང་སྐྱོབ་དང་བསྟན་པའི་སྙིང་པོ་ཉམས་སུ་ལེན་པ་ལས་ཐབས་གཞན་མེད་པའི་གཞུང་ལུགས་དང་གསུང་སྲོལ་ནི།  བོད་མིའི་རིག་གཞུང་ཁག་ནང་དར་ཁྱབ་ཤིན་ཏུ་ཆེ་བའི་ཁྱད་ཆོས་ཤིག་དང་། ལོ་ངོ་སྟོང་ཕྲག་གི་རིང་བོད་མི་རིགས་ཀྱི་སེམས་ཁམས་སུ་རྒྱུན་འཇགས་བྱས་ཡོད་པའི་ཁྱད་ཆོས་ཤིག་ཡིན།  སློབ་དཔོན་ཅིན་ཝུས་ཀྱིས་བཤད་པ་ལྟར། “དེ་ལ་འཚམས་པར་བོད་མིའི་སེམས་ཁམས་ཀྱི་དགོས་མཁོར་བསམ་བློ་གཏོང་དགོས།” རྒྱུ་དེ་གནད་འགག་རེད།