ཁྱེད་ཀྱི་འཁུངས་སྐར་ལ་བསུ་བ་བྱེད་སྟངས་ཤིག།
ཁྱེད་ཀྱི་འཁུངས་སྐར་ལ་བསུ་བ་བྱེད་སྟངས་ཤིག།།
རྣམ་དག་ཆོས་ཀྱི་སྟོན་པ་ཡིན་ཏེ་གནས་འདིར་ཕེབས་མིན་མི་ཤེས་ཤིང་།།
འཁྲུལ་བྲལ་སྤྲུལ་བའི་སྐྱེ་ཕྲེང་ཡིན་ཞེས་སུས་ཀྱང་གླེང་བ་མ་ཐོས་མོད།།
ས་ཡ་དྲུག་གིས་སེམས་ཀྱི་ཀློང་ནས་ཁྱེད་ཀྱི་འཛུམ་ལ་འཁྲི་སྟངས་དེས།།
བདག་སེམས་ཚོར་བའི་ཕུང་པོ་འདི་ཉིད་ལན་གཅིག་མིན་པར་ཡང་ཡང་བསྒུལ།།
མཐོན་པོ་གནམ་གྱི་ཁྲི་འཕང་བརྩད་དེ་བསླུ་ཚིག་བསྒྲིགས་པ་མ་ཐོས་ཤིང་།།
ང་རྒྱལ་དབུགས་ཀྱིས་འགྲིན་པ་བཀང་སྟེ་གང་སར་ཉུལ་བ་མ་མཐོང་མོད།།
དམའ་རིམ་ཁྱིམ་པའི་གནས་རིམ་དག་ན་གུ་ཡངས་ངང་ནས་བྱོན་པ་དེས།།
དེང་རབས་དུས་ཀྱི་བླ་མའི་མཚན་གཞི་དེ་རིང་ཉིན་མོར་འཁྲུངས་སོ་ཟེར།།
ཆོས་ལུགས་ལྟ་བ་ལྷ་ལུགས་ཡིན་ཞེས་ཨུ་ཚུགས་སྐྱེལ་སྐད་མི་འདུག་ཅིང་།།
ཤར་ནུབ་རིག་པ་རིག་པས་བསྐོར་ཞེས་རང་བསྟོད་གཏོང་ཚོད་མི་འགུ་ལེ།།
དོན་དམ་མཁས་པའི་གོ་ས་ལེན་པའི་དེང་རབས་དུས་ཀྱི་འཇོན་ལྡན་པ།།
དེ་རིང་དུས་ཀྱི་ཉིན་མོར་ཕེབས་པ་དགའ་བའི་མིག་ཟུང་བསྟན་ནས་ཡོད།།
སེམས་ཅན་བདེ་སྐྱིད་ཁ་ནས་གླེང་སྟེ་ཁོག་ནས་སྡོད་རབས་མི་འདུག་ལ།།
བཀའ་སློབ་གང་ཞིག་བརྐུས་རྒྱུ་བྱས་ཏེ་ལད་ཟློས་མཛད་དུ་མེད་པའི་ཁར།།
རང་གི་རྣམ་དཔྱོད་རང་གིས་བརྡར་ཏེ་ལམ་སྟོན་གནད་དུ་ཁེལ་མཁས་པའི།།
རྣམ་དག་ཆོས་པའི་ཆོས་པ་གཙང་མ་དེ་རིང་འཁྲུངས་པས་དགའ་བ་སྐྱེས།།
རིགས་ཞེན་ལྟ་བ་བྲག་རི་ཡིན་ཞེས་སྦོམ་བཤད་གཏན་དུ་མི་གནང་ཞིང་།།
ཆོས་ལོག་ལྟ་ལོག་འདྲེ་ལོག་རེད་ཅེས་སྡང་མིག་དེ་བས་མི་བགྲད་ཅིང་།།
ཡང་དག་རིག་པའི་རྣོ་སོ་དག་ནས་བདེན་པའི་རྒྱལ་རྔ་རྡུང་བཞིན་དུ།།
ཉམ་ཐག་རིགས་ཀྱི་དཔུང་དུ་བྱོན་པའི་བདག་གི་བླ་མ་གཙུག་གི་ནོར།།
སྤྱི་ལོ་ ༢༠༡༣ ཟླ་ ༧་ ཚེས་ ༡༥་ ཉིན་མཁས་དབང་ཚུལ་ཁྲོམས་བློ་གྲོས་མཆོག་གི་འཁྲུངས་སྐར་དུ་བྲིས།