གཞུང་ཆེན་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་།

༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བསླབ་པ་མཐར་སོན་མཁན་ཚོར་༼ གཞུང་ཆེན་རིགས་གཅིག་རྐང་འཛིན་པའི་སློབ་ཡོན་སྒྲིག་གཞི།༽ ཞེས་པ་ཞིག་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་གཏན་འབེབས་བྱས་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༥ ཉིན་བོད་མིིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ༧གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་དང་ལམ་སྟོན་འོག་དུས་ཀྱི་དགོས་མཁོ་དང་འཚམས་པར་༼ གཞུང་ཆེན་རིགས་གཅིག་རྐང་འཛིན་པའི་སློབ་ཡོན་སྒྲིག་གཞི༽དེ་ཉིད་གཏན་འབེབས་གནང་ཡོད། དེའི་དགོངས་དོན་བྱེས་འཁོད་ཆོས་ལུགས་ཆོས་བརྒྱུད་རིས་སུ་མ་མཆིས་པའི་བསླབ་པ་མཐར་སོན་པའི་དགེ་འདུན་པ་རྣམས་ནས་གཞུང་གཅིག་གི་ཐོག་ཏུ་རིགས་གཅིག་རྐང་འཛིན་པ་ཐོན་རྒྱུའི་ལས་རིམ་གསར་གཏོད་བྱུང་ཡོད་ཅེས་དང་།

ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་དུ་འཁོད་པ་ལྟར་ན། ལོ་རེར་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ནས་སློབ་གཉེར་བ་བཅུ་རེ་དང་། ཇོ་ནང་ནས་ལྔ་བཅས་ཁྱོན་སློབ་གཉེར་བ་གྲངས་༥༥ འཛུལ་ཞུགས་ཆོག་པ་རེད་འདུག་ལ། དེ་ཡང་དགོན་སྡེ་སྒྲིག་འཛུགས་སོ་སོའི་ལམ་སྲོལ་ལྟར་དགེ་བཤེས་སམ་སློབ་དཔོན་དང་ཚད་མཉམ་བསླབ་པ་མཐར་སོན་གྱི་ལག་ཁྱེར་གྱི་བརྒྱ་ཆ་དྲུག་ཅུ་ལོན་པ་ཞིག་དགོས་ཀྱི་ཡོད་པ་རེད།

ཆོས་བརྒྱུད་སོ་སོའི་རྩེད་ཕུད་གཉིས་རེ་དང་། ཇོ་ནང་ནས་གཅིག་བཅས་ཁྱོན་སློབ་གཉེར་བ་བཅུ་གཅིག་གི་སློབ་ཡོན་ཆོས་རིག་ལས་ཁུངས་ནས་སྤྲོད་རྒྱུ་དང་། དེ་མིན་ལྷག་མ་ཚོའི་སློབ་ཡོན་དོ་བདག་སོ་སོས་ཐབས་འཚོལ་བྱ་རྒྱུ་རེད་འདུག

འཛུལ་ཞུགས་བྱེད་འདོད་ཡོད་མཁན་ཚོས་ཕྱི་ལོ་༢༠༡༣ ཟླ་༩ ཚེས་༡༦ སྔོན་ལ་ཆོས་རིག་ལས་ཁུངས་སུ་སྙན་ཞུ་འབྱོར་ཐུབ་པ་བྱ་དགོས་ཀྱི་ཡོད་པ་རེད།