སྲིད་སྐྱོང་བློ་བཟང་སེང་གེ་རྡོ་རྗེ་གདན་དུ་ཕེབས་པ།
ཐེངས་འདིར་སྲིད་སྐྱོང་བློ་བཟང་སེང་གེ་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་ཏེ་ཉེ་ཆར་འབར་རྫས་ཀྱིས་རྨས་སྐྱོན་ཐེབས་པའི་ནད་པ་ཚོར་ཐུག་འཕྲད་དང་། དེ་བཞིན་ཁུལ་དེའི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་ཀྱིས། ཉེ་ཆར་ཁུལ་དེར་འབར་རྫས་ཀྱི་གོ་ཆག་བྱུང་བར་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཧིན་སྒོར་འབུམ་གཅིག་གནང་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ནང་པ་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ་ཆེད་ཕེབས་ཀྱིས། ཉེ་ཆར་འབར་རྫས་གས་ཐོར་བྱུང་སའི་ས་ཚིགས་ཁག་ཏུ་གཟིགས་སྐོར་དང་འབྲེལ། བྱང་ཆུབ་མཆོད་རྟེན་ཆེན་མོའི་ (Mahabodhi Temple) ནང་འབྱུང་འགྱུར་དེ་ལྟར་མི་ཡོང་ཆེད་སྨོན་ལམ་དང་། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སངས་རྒྱས་ཀྱི་གོ་འཕང་ཐོབ་སའི་གནས་མཆོག་རྡོ་རྗེ་གདན་དུ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འདི་ལྟ་བུ་བྱུང་བར་ང་རང་ཧ་ཅང་སེམས་འཚབ་བྱུང། འཛམ་གླིང་གི་ས་ཕྱོགས་གང་སར་ཡོད་པའི་ནང་པ་ཡོངས་མུ་མཐུད་གནས་མཆོག་རྡོ་རྗེ་གདན་ལ་གནས་མཇལ་དུ་ཕེབས་ནས། འདི་ལྟ་བུའི་འཇིགས་སྐུལ་གྱི་བྱ་སྤྱོད་རིགས་སླར་ཡང་མི་ཡོང་བའི་སྨོན་ལམ་རྒྱག་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
གཞན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་པ་ཊི་ནའི་སྨན་ཁང་(Patna Medical College)དུ་ཉེ་ཆར་གོད་ཆག་དེའི་འོག་རྨས་སྐྱོན་ཕོག་པའི་རྙིང་མ་དགོན་པའི་དགེ་འདུན་པ་དང་། འབར་མའི་དགེ་འདུན་པ་ཞིག་ཡོད་པ་ཁོང་རྣམ་གཉིས་དང་ཐུག་འཕྲད་ཀྱིས། ཁོང་གཉིས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་དང་སྨན་ཁང་གི་སྨན་པ་ཚོར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད་འདུག་ལ། སྐབས་དེར་སྲིད་སྐྱོང་གིས་བྷོ་དྷི་གྷ་ཡ་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་(Bodhgaya Temple Management Committee) ལ་བོད་མི་ཡོངས་ཀྱི་ངོས་ནས་དོན་རྐྱེན་དེར་གདུང་སེམས་མཉམ་སྐྱེ་མཚོན་སླད་ཧིན་སྒོར་འབུམ་གཅིག་ཞལ་འདེབས་གནང་ཡོད་པ་རེད།
སྲིད་སྐྱོང་གིས་ཆུ་ཚོད་གསུམ་རིང་ཁུལ་དེར་གཟིགས་སྐོར་སྐབས་མཆོད་རྟེན་འཛིན་སྐྱོང་ལྷན་ཚོགས་དང་གཞུང་འབྲེལ་དཔོན་རིགས་ཁག་ཅིག་དང་ལྷན་ཐུག་འཕྲད་གནང་ཡོད་འདུག་པ་དང་། ཐེངས་འདིའི་གཞུང་འབྲེལ་འཚམས་གཟིགས་དེ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་འབྲེལ་མཐུད་པ་སྐུ་ཞབས་ངག་དབང་ཆོས་འཕེལ་ལགས་དང་ས་གནས་ཀྱི་ནང་པའི་དགོན་སྡེ་ཁག་ཅིག་གིས་གོ་སྒྲིག་བྱས་ཡོད་ འདུག