༄༅།།སྤྲོ་ཚེའི་ཆང་ཁང་དུ་བྲིས་པའི་རང་རྩོམ་འགའ་ཞིག

སྙན་ངག་ཆང་གིས་བཟི་ནས་ནི།།
འཆི་ཡང་འགྱོད་མེད་དམ་བཅའ་ཡོད།།
རིགས་ཀྱི་བདེ་སྡུག་དབྱངས་སུ་ལེན།།
རང་གི་གོམ་ཁ་མདུན་དུ་ཕྱོགས།།



དོན་རྒྱན་དཔེ་རྒྱན་ངས་མི་ཤེས།།
ཕ་སྐད་གཙང་མའི་ངར་ཁ་ཡོད།།
ཞི་མོའི་སེམས་པ་འཕྲོག་དཀའ་ཡང་།།
ཐོན་མིའི་དྲིན་ལེན་འཇལ་བ་ཙམ།།

ཆང་ལ་མི་དགའ་ཆང་མ་དེ་ལ་དགའ།།
མང་པོ་མི་འཐུང་རང་ཉིད་སྡུག་པའི་རྒྱུ།།
ཨ་མ་ཆང་མའི་གཟིམ་ཁང་་སྒོ་འགྲམ་ནས།།
སྐྱུག་འདོད་བསམ་པ་མནལ་ལམ་ན་ཡང་མེད།།

ཆང་ཁང་ནང་དུ་ཆང་དང་ཆང་མ་ཡོད།།
ངེས་མེད་མགྲོན་པོ་གནས་འདིར་ཕེབས་པར་ཞུ།།
ཕ་སྐད་དབྱངས་ཀྱིས་ཕེབས་བསུ་འདི་ན་ཡོད།།
རིགས་ཞེན་བཟི་གཏམ་་དྲོ་མོ་འདི་ན་ཡོད།།

གྲོགས་གཅེས་འཇམ་གཅེས་ཁྱོད་ཀྱིས།།
ཚིག་གི་དོན་ལ་བསམ་རོགས།།
ཆང་ཁང་ཆང་ཁང་ཟེར་ཡང་།།
ཕ་སྐད་སྐྱོང་བའི་ཞིང་རེད།།

ཕ་སྐད་རིན་ཆེན་སྲོག་རེད།།
མཆོད་ཆང་བཞྀན་དུ་མཆོད་དང།།
ཇ་ལས་མཁས་པ་བཞིན་དུ།།
སྐད་ལ་མཁས་ན་མཆོག་ཡིན།།

སྟོན་པའི་ན་བཟའ་གྱོན་ནས།།
ཕ་སྐད་རིན་ཆེན་སྐྱོང་བར།།
མི་འགྲིག་མི་ལེགས་གསུང་ན།།
ཀླད་མེད་ཡིན་པའི་རྟགས་རེད།།

མི་རབས་དུ་མའི་དཀའ་བས།།
ལེགས་པར་བསྐྲུན་པའི་ཕ་སྐད།།
དེང་སྐབས་གློག་ཀླད་ནང་ནས།།
ལེགས་པར་འཛིན་ན་མཆོག་ཡིན།།

ཕ་སྐད་མི་ཤེས་ཕ་ཆོས།།
འཛྀན་འདོད་ཙམ་ལས་མེད་དོ།།
སྙན་ཚིག་འཇའ་མཚོན་ཁྲོད་ནས།།
དམ་ཆོས་འོད་སེར་འཁྲུངས་ངེས།།

རྔ་བརྡུང་རོལ་མོའི་བར་ནས།།
ཕ་ཆོས་འཛིན་པ་སྲིད་ན།།
སྐྱེས་ཆེན་གོང་མ་རྣམས་ཀྱིས།།
སྡུག་སྐད་སྐྱོན་དོན་མེད་དོ།།

དམ་ཆོས་རིན་ཆེན་འཛྀན་པར།།
ཕ་སྐད་གཙང་མ་ཤེས་དགོས།།
ཁྱོད་ཉིད་ཤི་བའི་རྗེས་སུ།།
མྱོང་བ་ཤི་ན་མི་འགྲིག

ང་ལ་གུས་པ་མི་དགོས།།
ཕ་སྐད་དེ་ལ་གུས་དང་།།
ཕོ་རབ་ངོ་མ་དེ་ཡིན།།
དེ་ལས་ལྷག་པ་དགོས་མེད།།

གྲྭ་པ་སྐད་ཀྱིས་བཟི་ན།།
མེས་པོའི་དྲིན་ལན་འཇལ་ཡོད།།
ཆོས་མིན་ཆོས་ལ་དགོངས་ན།།
སྐྱེ་བ་དོན་མེད་ཡིན་ནོ།།

གྲོགས་གཅེས་མར་ལ་མ་འགྲོ།།
རི་བོའི་རྩེ་རུ་ཤོག་དང་།།
ཕ་སྐད་གཙང་མའི་མཆོད་ཆང་།།
མཐོ་ས་དེ་ན་ཡོད་དོ།།

རང་ཀླད་རང་གིས་མ་བཟུང་།།
ཡངས་མོའི་སྤང་ལ་ཐོངས་དང་།།
ཆོས་ཉིད་བདེན་པའི་གནས་ལུགས།།
ཕ་སྐད་འདི་ཡིས་བསྩལ་ངེས།།

དཀྱིལ་ཡངས་ཀླད་པའི་ངོས་སུ།།
ཚིག་གི་བཀག་རྡོ་མ་འཕང་།།
རང་མགོ་རང་གིས་བརྡུང་ལས།།
ཅི་ཡང་མེད་པ་ཤེས་དགོས།།

མི་སྐད་གཙང་མ་བཤད་ཡོད།།
མེས་པོ་གོང་མའི་མི་སྐད།།
དེ་ལས་གཞན་པའི་མི་སྐད།།
འདྲེ་སྐད་ཡིན་ན་གང་ཤེས།།

ཡར་ཀླུང་ཆུ་བོའི་རླབས་སྒྲ།།
ཆུ་སྒྲ་མིན་ན་གང་ཡིན།།
བརྡ་སྤྲོད་གཞུང་མཐུན་མི་སྐད།།
མི་སྐད་མིན་ན་གང་ཡིན།།

དེ་རིང་ང་ཚོའི་ཆང་ཁང་།།
ཁྱོད་ཀྱི་སློབ་ཁང་ཡིན་ནོ།།
སློབ་དཔོོན་སྤྲོ་ཚེ་ལགས་ཀྱིས།།
བྱིས་པ་དག་ཡིག་སློབས་རོགས།།

རང་སེམས་མུན་པའི་དབང་རེད།།
བསྟན་པ་ཁ་ལྕེའི་རྩེ་རེད།།
འདོད་པའི་མུན་སེམས་ཤིག་གིས།།
འོད་སེར་དམ་ཆོས་དཀའ་ཡོང་།།

དབེན་པར་གནས་པའི་སྐྱི་བོ།།
རང་སེམས་རང་ལ་དབང་ཡོད།།
མི་དགོས་གྲོང་ལ་འཁྱམས་པས།།
དམ་ཆོས་བཤད་པ་རྫུན་རེད།།

ཆང་དྲི་ཞིམ་རང་དྲག་ནས།།
བསེ་རུ་གཉིད་ལས་དཀྲོགས་སོང་།།
འབྲི་གུང་སྤྲོ་ཚེ་ལགས་ཀྱིས།།
བསུ་བ་གང་ལེགས་གནང་རོགས།།

ད་ནི་དཀོན་མཆོག་མཁྱེན་ནོ།།
ཚིག་གི་ངོ་ལ་ལྟོས་་དང་།།
ད་དུང་ཆང་ཁང་ནང་དུ།།
ཕེབས་འདོད་མེད་དེ་མ་གསུངས་།།

ལྟོས་དང་ཤོད་སྟངས་དེ་ལ།།
གཏི་མུག་གཉིད་ཀྱིས་བཟི་རུང་།།
ཆོས་དང་བརྒལ་ཡོང་ཟེར་སོང།།
འགྲོ་རྒྱུ་ཡིན་ཞེས་གསུངས་སོང་།།

ནོར་བ་ཤེས་ན་མཆོག་ཡིན།།
ནོར་བཅོས་གནང་ན་མཆོག་ཡིན།།
ནོར་བའི་ཡི་གེ་འདུག་ན།།
ནོར་གཅོས་གནང་རོགས་གནང་དང་།།

ད་ནི་ཚང་མ་གཟིམས་ཤིག།།
བདེ་བའི་མལ་དུ་གཟིམས་ཤིག།།
སང་ཉིན་ཉི་མ་ཤར་དུས།།
ཕ་སྐད་ལྷན་དུ་སྐྱོང་ཆོག།།

ཤོར་ཡོད་ལ་དང་་ཤོར་ཡོད།།
སྟག་ཚང་རིག་རྒོད་ཤོར་ཡོོད།།
གསུངས་དང་ལ་ནི་གསུངས་དང་།།
བཟི་གཏམ་ངོ་མ་གསུངས་དང་།།

ཤག་ཤག་འཆར་པ་བབས་དུས།།
དམ་བེ་ཁ་ལ་སྦྱར་ནས།།
ཧུབ་དང་ཤུགས་ཀྱིས་ཐུངས་དང་།།
ལྷ་ཡི་བདེ་སྐྱིད་ཕར་བཞག།།

དུས་རབས་ཉེར་གཅིག་འདི་ལ།།
སིམ་སིམ་གནང་ལོངས་མི་འདུག།།།
བཏུང་ན་བཏུང་ཡིན་བསམ་བསམ།།
བཟི་ན་བཟི་ཡིན་བསམ་བསམ།།

རིག་པ་དཔྱང་རང་དྲག་ནས།།
དུས་གཅིག་ལས་གཉིས་བྱས་ཡོད།།
གཅེན་པོ་དགོངས་པ་མ་འཚོམས།།
ལྷོད་ཀྱིས་གསུང་ན་འགྲིག་འདུག

བྲིས་ཚེ་གཅེན་པོ་མགྱོགས་པ།།
འཐུང་ཚེ་སྟག་ཚང་མགྱོགས་པ།།
མདོར་ན་གཅིག་མགྱོགས་གཉིས་མགྱོགས།།
སྲིད་འདིར་རེ་གཉིས་ཡིན་ནོ།།

ཨོ་ཙེ་དེ་འདྲ་མ་གསུངས།།
མཆོད་ཆང་མཆོད་ནས་ཕེབས་དང་།།
ཨ་མ་ཆང་མ་ལགས་ཀྱིས།།
མཆོད་ཆང་བསྐྱགས་ནས་བཞུགས་འདུག།།

སྤྲོ་ཚེ་སྐར་མདའ་འདྲ་དེ།།
ཡུན་ཙམ་ཞིག་ལ་བརླགས་སོང་།།
ད་ནི་ངུ་ལ་མེ་ཏོག།།
མཆོད་ཆང་མཆོད་དུས་ཕེབས་ཤོག།།

ཁ་གང་བཏུང་བས་བཟི་འདུག།།
གོམ་གང་སོང་བས་འགྱིལ་སོང་།།
ཨ་ཙི་སྤྲོ་ཚེ་ཐབས་སྡུག།།
ལས་ངན་གང་གི་འབྲས་ཡིན།།