སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་བྱ་འཆར།

2013_7_19_4

དེ་རིང་ཞོགས་པར་དབུས་བོད་ཀྱི་སྨན་རྩིས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཕྱི་ལོ་༢༠༡༦ ལོར་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་བསྒྲགས་སོང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༩ ཉིན་གྱི་ཞོགས་པའི་ཆུ་ཚོད་༡༡། ༤༥ སྟེང་དྷ་ས་གངས་སྐྱིད་དུ་ཡོད་པའི་དབུས་བོད་ཀྱི་སྨན་རྩིས་ཁང་གི་མཐོ་སློབ་ཚོགས་ཁང་དུ། སྨན་རྩིས་ཁང་གི་སྨན་པ་དང་སྡེ་ཚན་སོ་སོའི་ལས་བྱེད། སློབ་ཕྲུག་བཅས་མཉམ་འཛོམས་ཐོག་སྨན་རྩིས་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་གསར་འགོད་གསལ་བསྒྲགས་ཤིག་སྒྲོགས་སྦྱང་བྱས་པའི་ནང་འཁོད་དོན། “བོད་ཕྱི་ནང་གཉིས་ཀྱི་སྨན་རྩིས་ཁང་གི་ལོ་རྒྱུས་ནང་༢༠༡༦ ལོ་ནི་ཆེས་གལ་ཆེན་གྱི་དུས་ཚིགས་ཤིག་ཡིན་པར་བརྟེན། ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༣ རེས་གཟའ་ལྷག་པ་ནས་བཟུང་། རྒྱ་གར་གྱིས་གཙོས་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཁ་ཤས་སུ་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན།

2013_7_19_4ཕྱི་ལོ་༡༩༡༦ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་སྟེ། སྐུའི་བླ་སྨན་པ་དང་། སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་མཛད་མཁན་མི་རྗེ་བཀྲས་ཁང་དངོས་གཞི་བྱམས་པ་ཐུབ་དབང་གི་དངོས་སློབ་མཁྱེན་རབ་ནོར་བུ་མཆོག་སྨན་རྩིས་ཁང་དང་ལྕགས་པོ་རི་རིག་བྱེད་གྲྭ་ཚང་གཉིས་ཀའི་འགན་འཛིན་གཅིག་ལྕོགས་གནང་དགོས་པའི་ཕྱག་རྟགས་ཕེབས། ཕྱི་ལོ་༡༩༤༧ ལོར་ཐེངས་ལྔ་པའི་སློབ་མ་བསྡུ་རྒྱུའི་གསལ་བསྒྲགས་གནང་སྐབས། ལོ་དེར་མདོ་དབུས་ཁམས་གསུམ་ནས་སློབ་ཕྲུག་བསྡུ་བཞེས་གནང་བའི་ཐོག་འབྲུག་དང་ལ་དྭགས་བཅས་ཀྱང་བསྡུ་བཞེས་གནང་ཡོད”་ཅེས་དང་།
ཡང་གསལ་བསྒྲགས་དེའི་ནང་འཁོད་དོན། “ཡ་ང་སྙིང་རྗེ་བྲལ་བའི་རྒྱ་དམར་གྱི་དྲག་པོའི་འགལ་རྐྱེན་དུ་མར་བརྟེན་ནས་༧གོང་ས་མཆོག་སྐུ་ཕྲེང་༡༤ པ་མཆོག་དང་། བོད་མི་ཁྲི་ཕྲག་ཁ་ཤས་བོད་ཆོས་ལྡན་རྒྱལ་ཁབ་ཏུ་བཞུགས་མ་ཐུབ་པར་ཁྱིམ་མཚེས་རྒྱབ་ཁག་ཏུ་བཙན་བྱོལ་དུ་ཕེབས་རྗེས། རྒྱ་དམར་སྲིད་གཞུང་ནས་སྨན་རྩིས་ཁང་གི་རྗེས་ཤུལ་ཙམ་ཡང་ལྷག་མེད་བཟོ་རྒྱུའི་ངན་ཇུས་བཤམས་ཏེ། ཕྱི་ལོ་༡༩༦༠ ལོའི་མཇུག་ཙམ་ལ་སྨན་རྩིས་ཁང་དུ་གྲོང་ཁྱེར་མི་དམངས་སྨན་ཁང་སྤོ་རྒྱུ་དང་། དེའི་ཁོངས་སུ་བོད་སྨན་སྡེ་ཁག་ཅིག་འཛུགས་རྒྱུ། མཁས་དབང་མཁྱེན་རབ་ནོར་བུ་བཞུགས་ཡུལ་གཞན་ལ་སྤོ་རྒྱུ་གཏན་ཁེལ་ཡོད་ན་ཡང་། ལྷ་ས་སྨན་རྩིས་ཁང་དུ་ནད་པ་བསྟེན་གཏུག་བྱེད་མཁན་མང་པོ་ཡོང་བར་བརྟེན་འགྱུར་ལྡོག་གཏོང་མ་ཐུབ་པར་ད་བར་མུ་མཐུད་དུ་འཛིན་སྐྱོང་བྱེད་དགོས་བྱུང་ཡོད”་ཅེས་འཁོད་འདུག